R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩ན
[A:༡༠༩ན]པ་ལ། དངོས་དང་རྩོད་པ་སྤོང་བ་གཉིས། དང་པོ་ནི། འདིར་གཙོ་བོར་དགག་བྱ་ནི། ངོར་པའི་ངན་རྟོག་སྟེ། འདི་བཀག་པས་གཞན་ཁེགས་པར་འགྱུར་བ་དང་། ས་སྐྱ་པའི་བསྟན་པའི་དྲི་མ་ཡང་བྱང་བར་འགྱུར་བས་སོ། །འོན་ཀྱང་དེའི་ཡང་རྩ་བར་འགྱུར་ཞིང་། ཁྱད་པར་གྱི་ཆོས་ཀྱང་འདི་སྐད་ཅེས་ཐོས་ཏེ། གདོན་གྱིས་བྱིན་གྱིས་བརླབས་པ་དག་ན་རེ། ཕྱི་དྲོ་ཤ་ཆང་དང་བཅས་པའི་ཚོགས་འཁོར་བྱས་ན་འདུལ་བ་དང་འགལ་བར་འགྱུར་བས་སྔ་དྲོ་བྱའོ་ཟེར་མོད། རབ་ཏུ་བྱུང་བས་གྱ་ཚོམ་དུ་གཏན་བཟར་མི་རུང་བའི་ཤ་དུས་རྟག་ཏུ་བཟར་རུང་བ་ཁྱོད་ཀྱིས་སྒྲུབས་ཤིག དེ་ལ་སོགས་པ་འགའ་ཚོགས་འཁོར་གྱི་ཚེ་ཕྱི་དྲོ་རུང་བར་ཁོ་བོས་བསྒྲུབ་བོ་ཞེས་ཐུན་མོང་མ་ཡིན་པར་དང་པོར་བཀག་ནས་གཞན་རྣམས་ཐུན་མོང་དུ་འགོག་པར་འགྱུར་རོ། །དེ་ལ་ཀུན་བཟང་རྣམ་རོལ་ལས་འབྱུང་བ་དང་། གསང་བ་ཀུན་རྒྱལ་ལས་འབྱུང་བ་དགག་པ་གཉིས། དང་པོ་ལ་འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། དེ་ཉིད་དུ། གང་ཟག་མཆོད་པའི་ཡོ་བྱད་ལ་རྣལ་འབྱོར་པ་ནུས་ལྡན་དང་། རབ་ཏུ་བྱུང་བ་མཆོད་པའི་རྫས་གཉིས་ཀྱི། དང་པོ་ནི་ཞེས་པ་ནས་ཐར་པ་དོན་དུ་གཉེར་བའི་སྒྲུབ་པ་པོ་རྣམས་ཀྱིས་ཕྱི་རོལ་པའི་མཆོད་སྦྱིན་དང་ཚུལ་མཚུངས་པར་ཤ་ཆང་ཁོ་ན་ལ་ལོངས་སྤྱོད་པ་འཇིག་རྟེན་པའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོར་མིང་གདགས་པར་མི་བྱའོ་ཞེས་ཟེར་རོ་ཞེས་ཕྱོགས་སྔར་བཀོད་ནས། གཉིས་པ་དེ་དགག་པ་ལ། ལུང་ལ་དཔྱད་དེ་དགག་པ་དང་། རིགས་པས་བརྟགས་ནས་དགག་པ་གཉིས་ཀྱི། དང་པོ་ལ་རྗེ་བཙུན་ཡབ་སྲས་ཀྱི་གཞུང་དང་