R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༠༩བ
[A:༡༠༩བ]འགལ་བས་དགག རང་གིས་དྲངས་པའི་ལུང་གི་དོན་མ་ཡིན་པས་དགག རང་ཚིག་ནང་འགལ་བས་དགག་པ་དང་གསུམ་གྱི། དང་པོ་ནི། དེ་སྐད་སྨྲ་བ་པོའི་དོན་གྱི་སྙིང་པོ་ནི། སྤྱིར་འཇིག་རྟེན་པའི་ཟས་ལ་ཚོགས་ཀྱི་འཁོར་ལོར་གདགས་སུ་མི་རུང་ཞིང་། ཁྱད་པར་ཤ་ཆང་རབ་ཏུ་བྱུང་བས་ཚོགས་ཀྱི་འཁོར་ལོར་བསྟེན་པར་གཏན་མི་རིགས་ཞེས་པར་སྣང་བ་ཆེས་ཤིན་ཏུ་མི་འཐད་དེ་ཞེས་པ་ནས། དེ་བས་ན་ཁྱོད་ལ་ཚོགས་འཁོར་གྱི་རྫས་མེད་པར་འགྱུར་ཏེ། འཇིག་རྟེན་པས་བཟར་རུང་བ་ཤ་ལྔ་དང་བདུད་རྩི་སོགས་ཚོགས་འཁོར་གྱི་རྒྱུར་མི་རུང་ཞིང་། འཇིག་རྟེན་པས་བཟའ་བཏུང་ཡང་མི་རུང་བས་སོ། །དེ་གཉིས་ནི་ཁས་བླངས་པས་སོ། །འོན་ཏེ་བུ་རམ་དང་ཞུན་མར་སོགས་ཡོད་དོ་ཞེ་ན། དེ་ཡང་འཇིག་རྟེན་པའི་དགའ་སྟོན་ཡིན་པས་ཚོགས་འཁོར་དུ་མི་རུང་དགོས་ལ། དེ་འདོད་ན་དེ་ཉིད་རང་གི་དེ་དེའི་རྒྱུར་ཁས་བླངས་པ་དང་ཡང་དངོས་སུ་འགལ་ལོ། །དེར་མ་ཟད་འཇིག་རྟེན་པའི་དགའ་སྟོན་ཚོགས་འཁོར་གྱི་རྒྱུར་མི་རུང་ན། བླ་མེད་པའི་ཁ་ཟས་ཀྱི་རྣལ་འབྱོར་ཐམས་ཅད་འདོར་དགོས་པས་རྨོང་པ་དག་རྡོ་རྗེ་ཐེག་པ་ལ་རྨ་མ་འབྱིན་པར་མི་སྨྲ་བའི་བརྟུལ་ཞུགས་ལོངས་ཤིག་རང་གཞན་ལ་གནོད་པར་མི་འགྱུར་རོ་ཞེས་པའི་བར་དང་། དེ་བས་ན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཞབས་ཡང་དག་པའི་དགེ་བའི་བཤེས་གཉེན་དུ་བྱེད་ན། སྨྲ་ངན་འདིའི་འགྲོ་བ་ནི་ཅིར་འགྱུར། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་གཟུང་བར་འགྱུར། །དེ་བས་སྡུག་བསྔལ་མྱོང་འགྱུར་ཏེ། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་པའི་དོན་རྟོགས་པར་བྱའོ། །ཞེས་པ་