R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༠ན
[A:༡༡༠ན]ནས། དེ་ལྟར་ས་སྐྱ་པ་དང་རྒྱབ་འགལ་བའི་ཚོགས་འཁོར་འདི་ནི་འབྱུང་པོས་བྱིན་གྱིས་བརླབས་པ་དག་གི་རྗེས་འབྲང་ཡིན་པར་ཡང་ངོ་ཤེས་དགོས་སོ། །ཞེས་པའི་བར་དང་། དེ་བས་ཀྱང་ཉེས་པ་ཆེར་ཡོད་དེ། དབང་གསུམ་པའི་དུས་ཀྱི་རིག་མ་སྦྱིན་ནས་ཆགས་པའི་གཏམ་སྨྲ་བ་ཐམས་ཅད་ལས། དགེ་སློང་རྡོ་རྗེ་སློབ་དཔོན་ལ་ལྷག་མར་འགྱུར་ཞིང་། ས་ཆོག་གི་དུས་ཀྱི་ང་རྒྱལ་འཛིན་པ་ན། ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ཞེས་སོགས་དང་། དེ་ལ་ཡུལ་གྱི་ཡན་ལག་མ་ཚང་དུ་ཆུག་ཀྱང་། དམ་ལ་བཞག་པ་ན་ཁྱོད་ཀྱི་རྡོ་རྗེ་འཆང་ང་ཡིན་གྱི། ཞེས་སོགས་དུ་མར་འབྱུང་བ་རྣམས་ལས་ཕམ་པར་འགྱུར་དགོས་ན། ཚོགས་འཁོར་ལས་འཇིགས་པ་དབང་བསྐུར་བ་ཡང་འགག་དགོས་སོ། །དེ་བས་ཁྱོད་ཀྱི་ལུགས་ལ་དཀྱིལ་འཁོར་གྱི་ཆོ་ག་གཅིག་ལྟ་བུ་ལ་ཡང་རབ་ཏུ་བྱུང་བ་དང་། ཁྱིམ་པའི་ཕྱོགས་སོ་སོར་འབྱེད་དགོས་ཤིང་མདོར་ན་དིང་སང་གི་སློབ་མ་བླུན་པོ་ཆོས་དང་ཆོས་མ་ཡིན་པ་རྣམ་པར་མི་དཔྱོད་པར། སྤྱིར་གྲགས་པའི་རྗེས་སུ་འབྲངས་ཤིང་ཞེས་པ་ནས། ད་དུང་ཡང་ད་ལྟ་ཀྱཻ་རྡོ་རྗེ་ལ་སོགས་པ་འདི་རྣམས་ཁྱིམ་པའི་ཕྱོགས་ཀྱི་ཡིན་གྱི་རབ་ཏུ་བྱུང་བས་ནི་ཐུབ་པ་ཆེན་པོ་ཉིད་ཉན་ཐོས་ཀྱི་འཁོར་གྱིས་བསྐོར་ནས་ཀུན་དགའ་ར་བ་ན་བཞུགས་པ་ལ་མཆོད་པའི་ཡོ་བྱད་ཀྱང་འབྲས་ཆན་དང་། ལ་དུ་སོགས་དང་། སྣོད་ཀྱང་ལྷུང་བཟེད་དང་། བྱ་མ་བུམ་དང་། རོལ་མོའི་དུས་སུའང་གཎྜི་རྡུང་། ཆས་སུ་འཇུག་པ་ནའང་སྣམ་སྦྱར་འབའ་ཞིག་གྱོན་པ་ལ་སོགས་པ་ཁོ་ན་དགོས་ཀྱི། དེ་ལས་གཞན་གྱིས་མི་རུང་ངོ་ཞེས་གྱིས་ལ་ཆོ་གའི་རྣམ་གཞག་རྩོམས་ཤིག་དང་། ཆོས་