R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤ན
[A:༡༡༤ན]དེ་ལྟར་སྨྲས་པ་ལ་ཕམ་པར་ག་ལ་འགྱུར་ལེགས་པར་སོམས་ཤིག གཉིས་པ་གསང་བ་ཀུན་རྒྱན་ལས་བྱུང་བ་དགག་པའི་ལན་བཤད་པ་ལ། དགག་པའི་ལུང་དྲངས་པ་དང་། དེའི་ལན་བཤད་པ་གཉིས། དང་པོ་ནི། ཡང་དེ་ཉིད་དུ། གཉིས་པ་གསང་བ་ཀུན་རྒྱན་ལས་འབྱུང་བ་དགག་པ་ལ། འདོད་པ་བརྗོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། དེ་ཉིད་དུ། འདིར་རབ་ཏུ་བྱུང་བ་སྡོམ་བརྩོན་རྣམས་ཀྱིས་ཚོགས་འཁོར་བྱེད་ན། གོང་འོག་གི་ཆོ་ག་རྣམས་འདྲ་བ་ལས། དམ་ཚིག་བླངས་ཏེ་ལྕེ་ལ་རེག་པ་ཙམ་བྱ། བུ་རམ་དང་། སྦྲང་རྩི་དང་། ཞུན་མར་རྣམས་ཤ་ལྔ་བདུད་རྩི་ལྔར་བྱིན་གྱིས་བརླབས་ལ་ནང་གི་སྦྱིན་སྲེག་གི་ཚུལ་གྱིས་བཟའོ། །རྣལ་འབྱོར་པ་རྣམས་ཀྱིས་ཀྱང་དམ་ཚིག་གི་རྫས་ལ་རན་པར་ལོངས་སྤྱོད་ཅིང་། ཆང་མྱོས་པར་འཐུང་བ་དང་། ཁ་ཟས་ཧ་ཅང་རྒྱགས་པར་ལོངས་སྤྱོད་པ་ནི་ཚོགས་འཁོར་གྱི་སྐབས་ཀྱི་དགག་བྱ་ཡིན་ལ། ཁྱད་པར་བསད་ཤ་ལ་ལོངས་སྤྱོད་པ་ནི་ཐེག་པ་ཆེན་པོའི་མདོ་རྒྱུད་ཐམས་ཅད་ལས་བཀག་པས། དགྲ་ནག་དང་། ཨ་ར་ལིའི་རྒྱུད་ལ་སོགས་པ་ནས་བཤད་པ་ལྟར་བ་གླང་སོགས་ཤི་བའི་ཤ་ཁོ་ན་དམ་རྫས་སུ་བཟུང་ངོ་། །དེ་ལྟར་མཆོད་པ་དང་ལོངས་སྤྱོད་ལ་ཚིམ་པ་ལོངས་སྤྱོད། ཟས་ལ་བཅས་མིང་གདགས་པར་མང་དུ་བཟའ། སྐོམ་ཇི་སྙེད་པ་བཏུང་ཞེས་པ་ནས། རྒྱུད་འགྲེལ་དང་ཚོགས་འཁོར་གྱི་གཞུང་མཐའ་དག་ལ་ནན་ཏན་དུ་བྱ་ཞེས་པའི་བར་ཕྱོགས་སྔར་བཀོད་ནས། གཉིས་པ་དེ་དགག་པ་ནི། སྐྱེས་བུ་གང་དག་གཞན་ལ་ཞེ་སྡང་བཞིན་དུ་ཆང་གིས་མྱོས་པ་ན་སྨྲ་བ་ཐམས་ཅད་ལ་གོ་རིམ་མེད་