R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༤བ
[A:༡༡༤བ]ཅིང་། རང་གི་ཕྱོགས་བློས་བཏང་ནས་ལྡབ་ལྡིབ་ཏུ་སྨྲ་བར་བྱེད་པ་ལྟར་ཁྱོད་ཀྱང་བླ་བྲང་གི་ཆགས་སྡང་གིས་སྙིགས་དུས་ཀྱི་ཐུབ་པ་རྡོ་རྗེ་འཆང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ལ་ཞེ་སྡང་བཞིན་དུ་མི་ཤེས་པས་མྱོས་ཏེ། ལུང་རིགས་དང་བྲལ་ཞིང་རྡོ་རྗེ་ཐེག་པའི་ཉམས་ལེན་ཐམས་ཅད་བློས་བཏང་ནས་ངན་གཡོའི་རྩོམ་པ་འབའ་ཞིག་བྱེད་པར་ཟད་མོད། རིགས་པ་དང་འགལ་བ་ནི་ཅི། དགེ་སློང་རྡོ་རྗེ་འཛིན་པས་སྔགས་ཀྱི་ཉམས་ལེན་བྱེད་པ་ན། གང་འདུལ་བ་དང་མི་མཐུན་པ་དེའི་ཚེ་སྔགས་གཙོ་ཆེ་བ་ཞིག་གམ། འདུལ་བ་གཙོ་ཆེ་བ་ཞིག དང་པོ་ལྟར་ན་ཚོགས་ཀྱི་འཁོར་ལོའི་སྐབས་སུ་འདུལ་བ་དང་མ་མཐུན་ཞེས་སུན་དབྱུང་དུ་ཅི་ཡོད། ཕྱི་མ་ལྟར་ན་དགེ་སློང་རྡོ་རྗེ་འཛིན་པས་འདོད་ཡོན་བསྟེན་བྱར་མི་བྱེད་པར་ཐལ། ཐེག་པ་ཐུན་མོང་བས་འདོད་ཡོན་སྤོང་བ་གང་ཞིག གོང་མ་ལས་འོག་མ་གཙོ་ཆེ་བའི་ཕྱིར། ཕྱི་མ་ཁས། འདོད་ན། དགེ་སློང་རྡོ་རྗེ་འཛིན་པ་སྔགས་པ་མ་ཡིན་པར་ཐལ། འདོད་པ་དེའི་ཕྱིར། ཁྱབ་པ་ཡོད་དེ། འདོད་ཡོན་བསྟེན་པ་ཐེག་པའི་ཆོས་ཉིད་ཀྱི་ཐོབ་པའི་སྔགས་པའི་དམ་ཚིག་ཡིན་པ་དང་། མདོ་སྔགས་ཀྱི་དབྱེ་བ་ཡང་འདིས་འབྱེད་པར་དཔལ་ས་སྐྱ་པ་ཡབ་སྲས་བཞེད་པའི་ཕྱིར། དེ་ཡང་འདོད་ན། དགེ་སློང་རྡོ་རྗེ་འཛིན་པ་དགེ་སློང་རྡོ་རྗེ་འཛིན་པ་མ་ཡིན་པར་ཐལ། དེ་སྔགས་པ་ཡིན་པའི་ཕྱིར། འདོད་ན། དགེ་སློང་རྡོ་རྗེ་འཛིན་པ་དགེ་ཚུལ་དགེ་བསྙེན་གསུམ་གྱི་རྡོ་རྗེ་འཛིན་པ་གོ་རིམ་བཞིན་རབ་འབྲིང་ཐ་གསུམ་མ་ཡིན་པར་ཐལ། དགེ་སློང་རྡོ་རྗེ་འཛིན་པ་མེད་པའི་ཕྱིར། གཞན་ཡང་དགེ་སློང་རྡོ་རྗེ་འཛིན་པས་གསང་སྔགས་མི་སྤྱོད་པར་ཐལ། དེས་གསང་སྟེ་སྤྱོད་དགོས་