R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥ན
[A:༡༡༥ན]པ་མེད་པའི་ཕྱིར། དེར་ཐལ། འདུལ་བ་ཇི་ལྟ་བ་བཞིན་དུ་སྤྱོད་པའི་ཕྱིར། འདིས་མཚོན་ནས་རིགས་པའི་གནོད་པ་གྲངས་མེད་པ་འགྲོ་སྟེ། རིགས་པ་ཤེས་པ་རྣམས་ཀྱིས་སྤྲོས་ཏེ་དགག་པར་བྱའོ་ཞེས་བྱ་བ་བྲིས་སོ། །གཉིས་པ་དེའི་ལན་བཤད་པ་ནི། འོ་ན་ཁྱེད་རང་གི་ལུགས་ལ་དགེ་སློང་རྡོ་རྗེ་འཛིན་པས་སྔགས་ཀྱི་ཉམས་ལེན་བྱེད་པ་ན། གང་འདུལ་བ་དང་མི་མཐུན་པ་དེའི་ཚེ། སྔགས་གཙོ་ཆེ་བ་ཞིག་གམ་འདུལ་བ་གཙོ་ཆེ་བ་ཞིག དང་པོ་ལྟར་ན་དགེ་སློང་རྡོ་རྗེ་འཛིན་པས་སྔགས་ཀྱི་ཉམས་ལེན་བྱེད་པའི་ཚེ། འདུལ་བ་ནས་བཤད་པའི་བསླབ་བྱ་ལ་བསྲུང་སྡོམ་བྱེད་མི་དགོས་པར་ཐལ། དེའི་ཚེ་སྔགས་གཙོ་ཆེ་བའི་ཕྱིར། ཁྱབ་པ་ཁས། འདོད་ན། དགེ་སློང་རྡོ་རྗེ་འཛིན་པས་དུས་རྒྱུན་དུ་འདུལ་བའི་བསླབ་བྱ་ལ་བསྲུང་སྡོམ་བྱེད་མི་དགོས་པར་ཐལ། འདོད་པ་གང་ཞིག དེས་དུས་རྒྱུན་དུ་སྔགས་ཀྱི་ཉམས་ལེན་བྱེད་དགོས་པའི་ཕྱིར། གཞན་ཡང་རྒྱུད་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་བསྲུང་། །ཞེས་པ་དང་། ཉན་ཐོས་སྤྱོད་པ་སྲུང་བ་པོ། །ཞེས་པ་རྣམས་ཀྱང་། སྔགས་ཀྱི་ཉམས་ལེན་བྱེད་པ་པོ་མ་ཡིན་པར་འགྱུར་ཞིང་། ཡང་ན་དེ་ཉན་ཐོས་ཀྱི་སྤྱོད་པ་སྲུང་བ་པོ་མིན་པར་འགྱུར་རོ། །གཞན་ཡང་ཉན་ཐོས་འདུལ་བ་པ་རྣམས་ཀྱི་གསང་སྟེ་སྤྱོད་དགོས་པ་མེད་པར་ཐལ། དེས་འདུལ་བ་ཇི་ལྟ་བ་བཞིན་སྤྱོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དེས་གསང་སྟེ་བར་ཆད་དྲི་བ་སོགས་གསང་སྟེ་སྤྱོད་དགོས་པ་ཡོད་པའི་ཕྱིར། དེས་ན་ཁྱབ་པ་འདི་འདྲའི་རིགས་པ་གྲངས་མེད་བྱས་ཀྱང་མཁས་པ་རྣམས་བཞད་མོ་གྲངས་མེད་འཆོར་བའི་རྒྱུར་ཟད་དོ། །རིགས་