R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༥བ
[A:༡༡༥བ]པ་ཤེས་པ་རྣམས་ཀྱིས་སྤྲོས་ཏེ་དགག་པར་བྱའོ། །ཞེས་པ་ནི་རིགས་པ་ཤེས་པ་འདི་འདྲ་བའི་ཁྱབ་པ་མི་འཆའ་ལས་ཆེའོ་ལེགས་པར་དགོངས་འཚལ་ལོ། །ཡང་དེ་ཉིད་དུ། གཞན་སྨྲས་པ་དེ་དག་ནི་ཕལ་ཆེར་སྐྱོན་དང་བཅས་པ་སྟེ། རབ་བྱུང་གི་ཚོགས་འཁོར་བཤད་པའི་རྗེས་སུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་ཞེས་པ་དེ་ལྟར་ན། རྣལ་འབྱོར་པ་ཡིན་ན་ཁྱིམ་པ་ཡིན་དགོས་པ་དང་། རབ་བྱུང་ཡིན་ན་རྣལ་འབྱོར་པ་མ་ཡིན་དགོས་པའང་ཐ་ཆད་པ་ཡིན་ནོ། །ཞེས་བྱ་བ་བྲིས་སོ། །འདི་ཡང་མི་འཐད་དེ། རབ་ཏུ་བྱུང་བ་དང་། རྣལ་འབྱོར་པའི་ཚོགས་འཁོར་སོ་སོར་བཤད་པ་ཙམ་གྱི། རབ་བྱུང་ཡིན་ན་རྣལ་འབྱོར་པ་མིན་པས་ཁྱབ་པར་མི་འགྱུར་བའི་ཕྱིར། གལ་ཏེ་འགྱུར་ན་རྗེ་བཙུན་ས་པཎ་གྱིས་ཀྱང་ཚོགས་འཁོར་ལུགས་གཉིས་སོ་སོར་བཤད་པ་ལ་ཅི་ལྟར་བྱ་ལེགས་པར་སོམས་ཤིག དེ་ལ་ཁོ་ན་རེ། ས་པཎ་གྱིས་དེ་ལྟར་བཤད་པ་དང་། ཁྱེད་ཀྱིས་དེ་ལྟར་བཤད་པ་མི་མཚུངས་ཏེ། ཁྱོད་ཀྱིས་རབ་བྱུང་མཆོག་དང་། རྣལ་འབྱོར་པ་ཁྱིམ་པའི་དམན་པར་བཟུང་བས་ནོངས་ལ། ས་པཎ་གྱིས་ནི་སོ་ཐར་ལ་བསྟུན་པ་ཆེ་ཆུང་གི་སྒོ་ནས་བཞག་སྟེ་དོན་ལ་ཁྱོད་དང་དམན་མཆོག་གོ་ལོག་པས་སྐྱོན་མེད་དོ། །ཞེས་ས་པཎ་གྱི་གསུང་དང་འགལ་བའི་རྩོད་སྤོང་གི་སྐབས་སུ་བྲིས་སོ། །འདི་ཡང་མི་འཐད་དེ། ངེད་ཀྱིས་རྣལ་འབྱོར་པ་ཡིན་ན་རབ་བྱུང་ལས་དམན་པས་ཁྱབ་པ་དང་། ཁྱིམ་པ་ཡིན་པས་ཁྱབ་པར་ཁས་མ་བླངས་པའི་ཕྱིར་རོ། །གཞན་ཡང་དམན་མཆོག་གོ་ལོག་ཅེས་པ་ཡང་། རབ་བྱུང་ཡིན་ན་རྣལ་འབྱོར་པ་ལས་དམན་པས་ཁྱབ་པར་སྨྲ་བ་ཡང་བཞད་མོའི་རྒྱུ་ཡིན་ཏེ། ཤཱཀྱ་ཐུབ་པ་རབ་བྱུང་མིན་པར་