R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༦ན
[A:༡༡༦ན]ཁས་ལེན་པའམ། རྣལ་འབྱོར་པ་ལས་དམན་པར་ཁས་ལེན་དགོས་པ་གང་རུང་ལས་མ་འདས་ཤིང་། རྒྱུད་ལས། རྟེན་ནི་གསུམ་ལ་དགེ་སློང་མཆོག །འབྲིང་ནི་དགེ་ཚུལ་ཡིན་པར་འདོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་སོགས་གསུངས་པ་རྣམས་མ་མཐོང་བར་ཟད་དོ། །ཡང་དེ་ཉིད་དུ། བརྒྱ་ལ་ཤ་ཆང་དབེན་པར་བསྟེན་པ་གཞན་གྱིས་ཐོས་ན་མ་དད་ཀྱིས་དོགས་ན་བསྟེན་དུས་མ་བསྟེན་པའི་ཉེས་པར་བྱེད་པ་ནི་དམ་ཚིག་གི་རྫས་རྣམས་མ་བསྟེན་ན་རྡོ་རྗེ་མཁའ་འགྲོ་རྣམས་མི་མཉེས་པར་བྱེད་པའོ། །ཞེས་རྗེ་བཙུན་གྱི་གསུངས་པས། མཁའ་འགྲོ་མ་མཉེས་པ་དང་། འཇིག་རྟེན་པ་མ་དད་པ་གང་ཉེས་པ་ཆེ་སོམས་ཤིག་ཞེས་དྲིས་སོ། །འདི་ཡང་ཁྱེད་རང་ལ་མཚུངས་ཏེ། ཁྱེད་རང་གིས་ཡང་དག་པའི་བསྟེན་ཚུལ་བཤད་པའི་རྩོད་སྤོང་གི་སྐབས་སུ། བཤང་གཅི་སོགས་ནི་བདུད་རྩིར་མི་ནུས་བཞིན་དུ་ཟོས་ན་འཇིག་རྟེན་པས་སྨོད་པར་འགྱུར་ཞིང་། དུག་དེ་ལྟར་ཟོས་ན་འཆི་བར་འགྱུར་ལ། བསྟེན་རུང་གི་ཤ་ཆང་གིས་ནི་ལས་དང་པོ་པ་ལའང་དེ་ལྟར་མི་འགྱུར་བས་སོ། །ཞེས་བྲིས་པ་ལ་ཀུན་ཏུ་མཚུངས་ཏེ། བཤང་གཅི་སོགས་ཟོས་པ་ལ་འཇིག་རྟེན་པ་མ་དད་པ་དང་། མཁའ་འགྲོ་མ་མཉེས་པ་གང་ཉེས་པ་ཆེ་སོམས་ཤིག་ཅེས་བརྗོད་ན་ལན་ཅི་སྨྲ། ཡང་དེ་ཉིད་དུ། གཉིས་པ་རྩོད་པ་སྤོང་བ་ལ་དུས་ཀྱི་འཁོར་ལོ་དང་འགལ་བའི་རྩོད་པ་སྤོང་བ་དང་། ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་གསུང་དང་འགལ་བའི་རྩོད་པ་སྤོང་བ་གཉིས་ཀྱི། དང་པོ་ནི། འདིར་ཕྱོགས་སྔ་སྨྲ་བ་པོ་ལ་ནི་མང་དུ་སྨྲ་ཅི་དགོས། དུས་འཁོར་གྱི་ཆོས་སྐད་རྣམས་དང་། རྒྱུད་སྡེ་གཞན་རྣམས་མི་མཐུན་