R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༧ན
[A:༡༡༧ན]བསྟེན་པའི་དུས་འཁོར་ལུགས་ཀྱི་ཚོགས་འཁོར་བྱས་ན་གསང་སྔགས་སྤྱི་དང་འགལ་བས་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་ཐོབ་པའི་སྔགས་སྡོམ་ལ་རྩ་ལྟུང་བཅུ་གསུམ་པས་གོས་པར་འགྱུར་བའི་ཕྱིར། རྟགས་གཉིས་ཆར་ཁྱོད་ཀྱིས་ཁས་བླངས་ཏེ། དུས་འཁོར་ལས་ཤ་ཆང་ལ་མ་བསྟེན་པའི་ཚོགས་འཁོར་གསུངས་པའི་རྩོད་སྤོང་དུ། དུས་ཀྱི་འཁོར་ལོའི་ཆོས་སྐད་རྣམས་དང་། རྒྱུད་སྡེ་གཞན་རྣམས་མི་མཐུན་པ་མང་བས་ལུགས་ཕན་ཚུན་མི་བསྲེ་བར་ཆོས་སྐད་རང་རྐང་ཚུགས་པར་སྨྲ་དགོས་སོ་ཞེས་བྲིས་པ་ལ་རྣམ་བཅད་ཡོད་པའི་ཕྱིར། ཡང་དེ་ཉིད་དུ། གཉིས་པ་ནི་གལ་ཏེ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས་རབ་བྱུང་དང་རྣལ་འབྱོར་པའི་དབྱེ་བ་གསུངས་པ་ལའང་སྔར་བརྗོད་པའི་སྐྱོན་རྣམས་འཇུག་པར་འགྱུར་བས་ཁྱོད་དེ་དང་ཡང་འགལ་བར་འགྱུར་རོ་ཞེ་ན། དེ་ལ་སྐྱོན་དེ་རྣམས་མི་འཇུག་པ་ནི། ཁྱོད་ཀྱིས་རབ་བྱུང་མཆོག་དང་། རྣལ་འབྱོར་པ་ཁྱིམ་པ་དམན་སར་བཟུང་བས་ནོངས་ལ། འདིར་ནི་སོ་ཐར་ལ་བསྟུན་པ་ཆེ་ཆུང་གི་སྒོ་ནས་བཞག་སྟེ། དོན་ལ་ཁྱེད་དང་དམན་མཆོག་གོ་ལོག་པས་སྐྱོན་མེད་དོ། །མདོར་ན་དཀར་པོ་རྣམ་གསུམ་དང་མཐུན་པ་ནི་ཉན་ཐོས་ལ་རྩོད་སྤོང་མཛད་པས་ཀྱང་ཤེས་ཏེ། ཁྱོད་ལྟར་ན་ཉན་ཐོས་ཀྱི་རྩོད་པ་འོང་དོན་མེད་པས་སོ། །དེས་ན་མི་མཐུན་ན་གོང་མ་གཙོ་བོར་བྱེད་ཅེས་རྟག་པར་སྒྱུ་ཐབས་སུ་སྨྲ་བཞིན་དུ་འདིར་མི་མཐུན་པར་བསམས་ནས་འོག་མ་གཙོ་བོར་བྱེད་པ་འདི་ནི་ཆོས་འདི་ལ་སྡང་བའི་རྣམ་ཐར་སྟོན་པ་ཁོ་ནའོ། །འོན་ཏེ་ཆོས་རྗེས་སྡོམ་བརྩོན་རྣམས་ཀྱིས་བདུད་རྩི་མྱང་བ་ཙམ་ཞེས་སོགས་གསུངས་པ་ཅི་ཞེ་ན། རབ་བྱུང་དམན་པ་ལ་