R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༧བ
[A:༡༡༧བ]ཐབས་མཁས་པས་གསུངས་པ་ཡིན་གྱི། དེས་མཆོག་གཞན་མི་འགེགས་པ་ནི་གསང་དབང་གི་སྐབས་སུ་རྣམ་རྟོག་ཤས་ཆེ་བ་ལ་མགྲིན་པར་ཉིན་པར་གྱི་ཐིག་ལེ་བྱ་བར་བཤད་པས། རྟོག་པ་ཆུང་བ་ལ་ལྕེ་ཐོག་ཏུ་སྦྱིན་པ་མི་ཁེགས་པ་བཞིན་ནོ། །གལ་ཏེ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ནས་བཟུང་སྟེ། ཇོ་བོ་རྗེ་དང་། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་འདི་ཡིན་ནོ། །སྡོམ་བརྩོན་རྣམས་ཀྱི་དབང་བསྐུར་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ་ཞེས་གསུངས་པས་འགྲུབ་བོ་སྙམ་ན། ཇོ་བོ་དང་མཁན་པོ་སོགས་བོད་རྣམས་སྣོད་མིན་དུ་དོགས་ནས་མཛད་པ་ཡིན་གྱི། དེས་རང་ལུགས་སུ་མ་ངེས་པ་ནི་སེམས་བསྐྱེད་ལ་མཁན་པོ་གཞན་གྱི་ངོ་སྲུང་བས་བོད་རྣམས་ཀྱི་ངོར་མཛད་པ་འདྲ། རྒྱ་གར་དུའང་ཞེས་པ་ནས། ལྷུང་བཟེད་བྱིན་ལེན་དང་ཕྱི་དྲོ་བུ་རམ་མི་བཟའ་བ་སོགས་ཐམས་ཅད་ཡོད་སྨྲ་བའི་ལག་ལེན་དང་མི་མཐུན་པ་མང་པོ་བྱེད་དགོས་སུ་འོང་གསུང་གིན་གདའ། ཞེས་ཆག་གི་དྲིས་ལན་དུ་གསུངས་པས་ཤེས་ཤིང་། དེ་དེའི་ལུགས་ཡིན་ཡང་། རྣལ་འབྱོར་པའི་ཚོགས་འཁོར་གསུངས་ནས་ཆོས་ཀྱི་རྒྱལ་པོ་དཔལ་ལྡན་ས་སྐྱ་པའི་ཕྱག་ལེན་གྱི་རིམ་པ་བཤད་ཟིན་ཏོ། །ཞེས་གསུངས་ལ། སྔ་ཕྱི་གཉིས་མི་མཐུན་ན་ཕྱི་མ་རང་ལུགས་སུ་མཛད་ཅེས་བྲིས་སོ། །དེ་ཡང་དོན་ལ་ཁྱོད་དང་དམན་མཆོག་གོ་ལོག་པས་སྐྱོན་མེད་དོ་ཞེས་པ་འདི་ཡང་རབ་བྱུང་ཡིན་ན། རྣལ་འབྱོར་པ་ལས་དམན་པས་ཁྱབ་པ་དང་། རྣལ་འབྱོར་པ་ཡིན་ན་རབ་བྱུང་ལས་མཆོག་ཡིན་པས་ཁྱབ་པར་སོང་བས། ཤཱཀྱ་ཐུབ་པ་དེ་རྣལ་འབྱོར་པ་ལས་