R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨ན
[A:༡༡༨ན]དམན་པའམ། ཡང་ན་རབ་བྱུང་མ་ཡིན་པར་ཁས་ལེན་དགོས་པ་གང་རུང་ལས་མ་འདས་སོ། །ཡང་དཀར་པོ་རྣམ་གསུམ་དང་མཐུན་པ་ནི་ཉན་ཐོས་ཀྱི་རྩོད་སྤོང་མཛད་པས་ཀྱང་ཤེས་ཏེ། ཁྱེད་ལྟར་ན་ཉན་ཐོས་ཀྱི་རྩོད་སྤོང་དོན་མེད་པས་སོ་ཞེས་པ་འདི་ཡང་གསུང་རབ་ཀྱི་དགོངས་པ་མ་ཤེས་པའི་དབང་གིས་ཉན་ཐོས་ལུགས་ཀྱི་བསླབ་པ་དང་ལྡན་པ་ཐམས་ཅད་འདིའི་རྩོད་སྤོང་གི་ཡུལ་ཡིན་སྙམ་དུ་འཁྲུལ་པས་ལེན་པ་སྟེ། ཉན་ཐོས་ལུགས་ཀྱི་བསླབ་པ་དང་ལྡན་པའི་གང་ཟག་ལ་འདིའི་སྐབས་ཀྱི་རྩོད་སྤོང་གི་ཡུལ་ཡིན་མིན་གཉིས་སུ་ཡོད་པའི་ཕྱིར། གཞན་དུ་ན་ཉན་ཐོས་ལུགས་ཀྱི་བསླབ་པ་རྒྱུད་ལ་ལྡན་ཞིང་གསང་སྔགས་བླ་མེད་ཀྱིས་རྒྱུད་སྨིན་པའི་དགེ་སློང་རྡོ་རྗེ་འཛིན་པ་མེད་པར་ཐལ། ཉན་ཐོས་ལུགས་ཀྱི་བསླབ་པ་དང་ལྡན་པའི་གང་ཟག་ཡིན་ན། འདིའི་རྩོད་སྤོང་གི་ཡུལ་ཡིན་དགོས་པ་གང་ཞིག བླ་མེད་ཀྱིས་རྒྱུད་སྨིན་པའི་རྡོ་རྗེ་འཛིན་པ་ཡིན་ན། འདིའི་རྩོད་སྤོང་གི་ཡུལ་མ་ཡིན་དགོས་པའི་ཕྱིར། རྟགས་དང་པོ་ཁྱོད་ཀྱིས་ཁས་བླངས་ཏེ། དཀར་པོ་རྣམ་གསུམ་དང་མཐུན་པ་ནི་ཉན་ཐོས་ཀྱི་རྩོད་སྤོངས་མཛད་པས་ཀྱང་ཤེས་ཏེ་ཞེས་བྲིས་པ་ལ་རྣམ་བཅད་ཡོད་པའི་ཕྱིར། དེས་ན་ཉན་ཐོས་ཀྱི་སྒྲ་འཇུག་པ་ཙམ་ལ་ཉན་ཐོས་ཀྱི་གྲུབ་མཐའ་རང་ལུགས་སུ་སྨྲ་བ་ཉན་ཐོས་སྡེ་གཉིས་ལྟ་བུ་དང་། ཉན་ཐོས་ཀྱི་ལྟ་སྤྱོད་དང་ལྡན་པ་ཉན་ཐོས་རང་རྒྱུད་པ་གཉིས་ལས། ས་པཎ་གྱི་ཚོགས་འཁོར་རྣམ་གཞག་ཏུ་ཉན་ཐོས་ཀྱི་རྩོད་སྤོང་མཛད་པའི་ཉན་ཐོས་ནི་ཉན་ཐོས་ཀྱི་ཐུན་མོང་མིན་པའི་གྲུབ་མཐའ་རང་ལུགས་སུ་སྨྲ་བ་རྣམས་ཡིན་ཏེ། བྱེ་སྨྲ་དང་མདོ་སྡེ་པ་རྣམས་ཀྱིས་རྡོ་རྗེ་ཐེག་པ་བ་ལ་དེ་ལྟར་རྩོད་