R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༨བ
[A:༡༡༨བ]པའི་ཕྱིར། ཉན་ཐོས་ཀྱི་བསླབ་པ་དང་ལྡན་པ་ལ་འདིའི་རྩོད་སྤོང་གི་ཡུལ་ཡིན་མིན་གཉིས་སུ་ཡོད་དེ། ཉན་ཐོས་ལུགས་ཀྱི་བསླབ་པ་དང་ལྡན་ཞིང་དེའི་ཐུན་མོང་མིན་པའི་གྲུབ་མཐའ་རང་ལུགས་སུ་སྨྲ་བ་རྣམས་འདིའི་རྩོད་སྤོང་གི་ཡུལ་དང་། དེའི་ལུགས་ཀྱི་བསླབ་པ་དང་ལྡན་ཞིང་བླ་མེད་ཀྱི་སྒོར་ཞུགས་པ་རྣམས་ནི་འདིའི་རྩོད་སྤོང་གི་ཡུལ་མིན་པའི་ཕྱིར། དེས་ན་གངས་ཅན་འདིར་ཕྱིའི་སྤྱོད་པ་ཉན་ཐོས་དང་མཐུན་པ། ནང་གི་ལྟ་བ་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པ། གསང་བའི་ཉམས་ལེན་རྡོ་རྗེ་ཐེག་པ་དང་མཐུན་པར་མཛད་པ་ནི་ཁོ་བོ་ཅག་གི་ཡོངས་འཛིན་དམ་པ་བཀའ་དྲིན་ཅན་རྣམས་ཁོ་ནའི་ཁྱད་ཆོས་སུ་སྣང་ངོ་། །ཡང་དེ་ཉིད་དུ། འོན་ཏེ་ཆོས་རྗེས་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ལ་ལུགས་གཉིས་ལས་རབ་ཏུ་བྱུང་བ་སྡོམ་བརྩོན་གྱི་ལུགས་ནི། མཆོད་པ་དང་གཏོར་མ་ལ་ཤ་ཆང་ལ་སོགས་པ་འབུལ། སྡོམ་བརྩོན་རྣམས་ཀྱི་ལྕེ་ལ་བདུད་རྩི་མྱང་བ་ཙམ་བྱ། གཞན་ཡང་བུ་རམ་དང་ཤིང་ཐོག་ལ་གསང་བ་ལ་སོགས་པ་གཏོར་མ་བྱིན་གྱིས་རློབས་པ་ལྟར་བྱ། ཞེས་སོགས་གསུངས་པ་ཅི་ཞེ་ན། དེ་ནི་རབ་བྱུང་དམན་པ་རྣམས་ལ་ཐབས་མཁས་གསུངས་པ་ཡིན་གྱི། དེས་མཆོག་ལ་གཞན་མི་འགེགས་པ་ནི། ཞེས་སོགས་བྲིས་སོ། །འདི་ཡང་དཔྱད་པར་བྱ་སྟེ། འདིའི་རབ་བྱུང་དམན་པ་དེ་རྡོ་རྗེ་ཐེག་པའི་སྒོར་མ་ཞུགས་པའི་རབ་བྱུང་ལ་བྱའམ། དེའི་སྒོར་ཞུགས་ཀྱང་རིམ་གཉིས་ལ་བརྟན་པ་མ་ཐོབ་པའི་རབ་བྱུང་ལ་བྱེད་པ་གང་རུང་ལས་མ་འདས་ཤིང་། དང་པོ་ལྟར་ན་དེ་ལྟ་བུའི་རབ་བྱུང་ཚོགས་ཀྱི་འཁོར་ལོའི་ནང་དུ་ཡོང་བའི་དོན་མེད་པས་སྤྱོད་མི་དགོས་ལ། གཉིས་པ་ལྟར་ན་དེ་ངེད་ཀྱི་རྒྱབ་བརྟེན་དུ་སོང