R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩ན
[A:༡༡༩ན]་བས་འདོད་པ་མཐུན་པར་སོང་སྟེ། དིང་སང་ཚོགས་ཀྱི་འཁོར་ལོ་བྱེད་པ་ཕལ་མོ་ཆེ་རྣམས་ནི་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པ་ཤས་ཆེ་བའི་ཕྱིར། འདི་ལ་དགོངས་ནས་རྗེ་བཙུན་ས་པཎ་དང་། ཁོ་བོ་ཅག་གི་ཡོངས་འཛིན་གོང་མ་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ལུགས་གཉིས་གསུངས་པ་རྣམས་ཡིད་ཆེས་པའི་གནས་སུ་ཤེས་པར་གྱིས་ཤིག རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་བརྟན་པ་མ་ཐོབ་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་ལ་དགག་བསྒྲུབ་བྱ་མི་དགོས་ཏེ། དེ་རྣམས་ཀྱི་སྒོ་གསུམ་གྱི་མཛད་པ་བཟང་ངན་ཐམས་ཅད་ས་ལམ་གྱི་གྲོགས་ཁོ་ནར་འགྱུར་བའི་ཕྱིར་རོ། །ཡང་དེ་ཉིད་དུ། གལ་ཏེ་ས་པཎ་གྱིས་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས། ཐོགས་མེད་སྐུ་མཆེད་ནས་བཟུང་སྟེ། ཇོ་བོ་ཆེན་པོ་རྗེ་དང་། ཁོ་བོའི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་སོགས་པ་རྣམས་ཀྱི་ཚོགས་ཀྱི་འཁོར་ལོའི་ལུགས་ཡིན་ནོ། །སྡོམ་བརྩོན་རྣམས་དབང་བསྐུར་བ་ལ་སོགས་པའི་དུས་སུ་འདི་ལྟར་བྱས་ན་ལེགས་སོ། །ཞེས་གསུངས་པས་འགྲུབ་སྙམ་ན། ཇོ་བོ་དང་མཁན་པོ་སོགས་ཀྱིས་བོད་རྣམས་སྣོད་མིན་དུ་དོགས་ནས་མཛད་པ་ཡིན་གྱི། དེ་རང་ལུགས་སུ་མ་ངེས་ཞེས་བྲིས་སོ། །འདི་ཡང་འབྲེལ་མེད་བཞད་གད་ཀྱི་གནས་ཡིན་ཏེ། ཇོ་བོ་དང་མཁན་པོས་བོད་རྣམས་སྣོད་མིན་དུ་དོགས་ནས་ཚོགས་འཁོར་དེ་ལྟར་མཛད་པ་ཡིན་ཟེར་ན་ཡང་། ཀླུ་སྒྲུབ་དང་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བོད་རྣམས་སྣོད་མིན་དུ་དོགས་ནས་རྒྱ་གར་དུ་ཚོགས་འཁོར་དེ་ལྟར་མཛད་ཅེས་ཟེར་བ་ལ་འབྲེལ་ཅི་འདུག་ལེགས་པར་སོམས་ཤིག གཞན་ཡང་ཇོ་བོ་དང་མཁན་པོ་སོགས་བོད་