R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡༩བ
[A:༡༡༩བ] རྣམས་སྣོད་མིན་དུ་དོགས་ནས་ཚོགས་འཁོར་སྡོམ་བརྩོན་གྱི་ལུགས་དེ་ལྟར་མཛད་པ་ལ་ཁྱེད་ཀྱིས་བོད་རྣམས་སྣོད་ལྡན་དུ་བསམ་ནས་ཤ་ཆང་གི་གཙོ་བོར་སྤྱོད་པའི་ཚོགས་འཁོར་བྱེད་པ་འདི་འགལ་བ་ལྟག་སྤྲོད་དུ་སྣང་བས་གང་རུང་ཞིག་ལོག་ལྟ་ཅན་ལས་མ་འདས་སོ། །གལ་ཏེ་ཁོ་ན་རེ། ས་པཎ་གྱི་ཚོགས་འཁོར་ལུགས་གཉིས་གསུངས་པའི་སྡོམ་བརྩོན་རྣམས་ཀྱི་ལུགས་དེ་རིམ་གཉིས་ལ་བརྟན་པ་མ་ཐོབ་པའི་དབང་དུ་བྱས་པ་ཡིན་ན། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱང་རིམ་གཉིས་ལ་བརྟན་པ་མ་ཐོབ་པར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། ཀླུ་སྒྲུབ་ཡབ་སྲས་སོགས་ནི་རང་ཉིད་བཅས་འགལ་གྱི་ཉེས་པས་གོས་ཀྱིས་དོགས་ནས་ཚོགས་འཁོར་གྱི་ལུགས་དེ་ལྟར་མཛད་པ་མ་ཡིན་གྱི། འོན་ཀྱང་རྗེས་འཇུག་གི་གདུལ་བྱ་རིམ་གཉིས་ལ་བརྟན་པ་མ་ཐོབ་པའི་སྡོམ་བརྩོན་རྣམས་ཀྱིས་གསང་སྔགས་ལ་ཁག་བཏགས་ནས་རྩིང་སྤྱོད་དྭང་དུ་བླངས་ན་བསྟན་པ་དང་རང་གཞན་ལ་གནོད་པར་འགྱུར་བ་ལ་དགོངས་ནས་དེ་ལྟར་མཛད་པའི་ཕྱིར། དཔེར་ན་འོ་སྐོལ་གྱི་སྟོན་པས་གདུལ་བྱ་སྣོད་ལྡན་དབང་པོ་ཡང་རབ་རྣམས་ལ་ཨུ་རྒྱན་ལ་སོགས་པའི་གནས་རྣམས་སུ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་སྐུ་ལ་སོགས་པ་རྡོ་རྗེ་ཐེག་པའི་སྤྱོད་ཚུལ་བསྟན་ནས། གདུལ་བྱ་ཐུན་མོང་བ་རྣམས་ལ་རྡོ་རྗེ་གདན་ལ་སོགས་པའི་གནས་རྣམས་སུ་ཚངས་པར་སྤྱོད་པའི་སྐུར་ཚུལ་སྟོན་པ་དང་མཚུངས་པའི་ཕྱིར། དེས་ན་སྔོན་གྱི་ཐུབ་པའི་དབང་པོ་དང་། རྒྱན་དྲུག་མཆོག་གཉིས། ཇོ་བོ་ཆེན་པོ་དང་། འཇམ་མགོན་བླ་མ་སོགས་པཎ་གྲུབ་སྡོམ་བརྩོན་རྣམས་ནི་རྗེས་འཇུག་རྣམས་ལ་དགོངས་ནས་ཚོགས་འཁོར་གྱི་སྤྱོད་ཚུལ་དེ་ལྟར་མཛད་པས། ཁོ་བོ་