R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢ན
[A:༡༢ན]གྱིས། བསྒྱུར་བྱེད་ཅེས་བྱ་བ་ས་མོ་ཕག་ལོ་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ་དཔལ་རྡོ་རྗེ་གདན་མི་འགྱུར་བདེ་བ་ཆེན་པོའི་ཆོས་གྲྭའི་གནས་ཡངས་པ་ཅན་ཞེས་བྱ་བར་གཡར་ཁྲལ་དུ་བགྱིས་སོ། །འདིས་ཀྱང་གསུང་ངག་རིན་པོ་ཆེའི་བསྟན་པ་རྣམ་པར་དག་པ་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག་ཅེས་པ་དེ་རྣམས་ཀྱིས་དྲི་བའི་ལན་བཤད་པ་བསྟན་ཟིན་ནས།། ༈ །།གསུམ་པ་ཡིན་ལུགས་འཐད་ལྡན་གྱི་ལེགས་བཤད་བཀོད་པ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་གསུང་ངག་བཤད་ཐབས་ཀྱི་མན་ངག་གསང་བ་སྒོ་འབྱེད་ལས་འཕྲོས་པའི་དྲིས་ལན་ཟབ་དོན་སྙིང་པོ་ལས་འདི་ལྟར་འབྱུང་སྟེ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀུན་གཟིགས་པའི་མཁྱེན་རབ་བསྐང་བ་ཉིན་བྱེད་དབང་། །སྲིད་གསུམ་རབ་དགའ་ཐུགས་རྗེའི་འོད་དཀར་ཀུནྡའི་གཉེན། །ཐུབ་བསྟན་རྒྱས་མཛད་འཕྲིན་ལས་བཟང་པོ་ཀུན་གསལ་ཁྱོན། །རྟག་པར་འཇལ་བྱེད་རྒྱལ་བ་གཉིས་པ་གང་དེས་སྐྱོང་། །སྔོན་དགེའི་བསོད་ནམས་རྒྱས་པའི་ཁང་བཟང་ན། །རྣམ་དཔྱོད་བློ་གྲོས་གསལ་བའི་སྐྱེས་བུ་ཡིས། །ཟབ་མོའི་གནས་ལ་ཅུང་ཟད་དྲིས་པའི་ལན། །དམ་པའི་སྲོལ་བཞིན་དྭང་བའི་ཡིད་ཀྱིས་འབུལ། །འདི་ལ་གཉིས་ཏེ། དྲི་བའི་ངག་དགོད་པ་དང་། དངོས་ཀྱི་ལན་གདབ་པའོ། །དང་པོ་ནི་འདི་སྐད་དུ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོའི་དྲུང་གི་གསང་བ་སྒོ་འབྱེད་དུ། ཉམས་མྱོང་མ་སྐྱེས་པ་བསྐྱེད་པར་བྱེད་པ་ཁྲིད་ཀྱི་རྣལ་འབྱོར་ལ་བཞིའི། དང་པོ། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་