R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢བ
[A:༡༢བ]ལ། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བ་དངོས་དང་། དེའི་གནད་བསྡུས་ནས་ཉམས་སུ་ལེན་པའི་གདམ་ངག་གཉིས་ཀྱི། དང་པོ། གཞི་དམ་ཚིག་ལ་གནས་པར་བྱ་བ་ལ་གཉིས། དམ་ཚིག་མ་ཐོབ་པ་ཐོབ་པར་བྱེད་པ་དབང་བསྐུར་བ་དང་། ཐོབ་པ་མི་ཉམས་པར་བྱེད་པའི་དམ་ཚིག་གི་ཚོགས་བསྟེན་པའོ། །དང་པོ་ནི། དབང་ཆུ་ཆེན་མོ་ལ་སོགས་པ་གསུམ་དང་། ཡབ་ཡུམ་གྱི་བསྐྱེད་རིམ་རྒྱས་བསྡུས་རྣམས་ལ་བརྟེན་ནས་ཡབ་ཡུམ་གྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་རྣམ་པར་དག་པ་བླང་བའོ། །གཉིས་པ་ལ་གསུམ་གྱི། དང་པོ་སྲུང་བའི་དམ་ཚིག་ནི། ལྕ་ལྟུང་འཁྲུལ་སྤོང་དང་། གཉིས་པ་བཟའ་བའི་དམ་ཚིག་ནི། བདུད་རྩི་རིལ་བུ་བསྒྲུབ་པའི་མན་ངག་དང་། ཚོགས་ཀྱི་འཁོར་ལོའི་ཆོ་ག་རྣམས་བཤད་ཅིང་ཉན་པ་དང་། གསུམ་པ་བསྟེན་པའི་དམ་ཚིག་ནི། ལམ་རིམ་པ་གཉིས་ཚུལ་བཞིན་དུ་ཉམས་སུ་ལེན་པ་སྟེ་ཞེས་སོགས་དང་། གཉིས་པ་གནད་བསྡུས་ཏེ་ཉམས་སུ་ལེན་ཚུལ་ནི། ལམ་འབྲས་ཁྲིད་ཀྱི་སྙིང་པོ་ནི། ཞེས་སོགས་ཀྱི་དོན་རྗེ་བཙུན་དམ་པ་འདིའི་དགོངས་པས་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ལ་ལུགས་གཉིས་ཀྱི། དང་པོ་འཆད་པ་དེའི་ཚེ་ཐོག་མར་དབང་བསྐུར། དེ་རྗེས་དམ་ཚིག་གི་ཆོས་བསྐོར་དང་། བསྐྱེད་རིམ་ཡན་ལག་དང་བཅས་པ་ཚོགས་ཀྱི་འཁོར་ལོའི་ཆོ་ག་རྣམས་བཤད་པར་གསུངས་པ་དང་། གསུམ་པ་ནི་ལམ་རིམ་པ་གཉིས་ཚུལ་བཞིན་དུ་ལེན་པ་སྟེ། ཞེས་གསུངས་པས་ཁྲིད་ཀྱི་དམིགས་པ་རྣམས་ཕྱོགས་མཐུན་དུ་གསུངས་པ་ལ། གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བ་དངོས་སུ་མཛད་པའི་ལུགས་ཅིག་དང་། ཐོག་མར་སྣང་བ་གསུམ་གྱི་ཁྲིད་མཛད། དེ་ནས་