R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༡བ
[A:༡༢༡བ]ལོ། །དེས་ན་ཐུབ་པའི་དབང་པོས་ཉིད་ཀྱི་གསུང་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར། སྐལ་བཟང་རྣམ་པར་དཔྱོད་པའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཕྱོགས་ཞེན་དང་ཕོ་རུས་སོགས་ཀྱི་གྲུབ་མཐའ་འཛིན་པ་སྤངས་ཏེ་རང་གཞན་གྱི་ལྟ་བ་དང་གྲུབ་མཐའ་ལ་ལུང་དང་རིགས་པས་བརྟགས་ཤིང་དཔྱད་ནས་བླང་དོར་ཚུལ་བཞིན་བྱས་པའི་སྒོ་ནས་རང་གཞན་ཐམས་ཅད་ལ་འཕྲལ་ཡུན་གྱི་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་ཐབས་ལ་བརྩོན་པར་བྱའོ། །སྔོན་བྱོན་གོང་མ་མཁས་གྲུབ་རྣམས་ཀྱི་དགོངས་བཞེད་རྣམས། །དོན་ལ་མི་འགལ་གཅིག་ཏུ་གནས་མོད་ཀྱང་། །ཐ་སྙད་ཙམ་གྱི་སྣང་ངོར་མི་མཐུན་པའི། །ཚུལ་གྱིས་གྲུབ་མཐའི་དགག་སྒྲུབ་མཛད་པ་ལ། །བདག་འདྲས་ཡིན་མིན་ཤན་འབྱེད་མི་རིགས་ཀྱང་། །རྣམ་པར་དཔྱོད་པའི་བློ་ཡི་མེ་ལོང་ནང་། །གནས་ལུགས་གཟུགས་བརྙན་འཆར་བ་ཆོས་ཉིད་ཡིན། །ཉེས་པ་མཆིས་གང་འདྲེན་པའི་སྤྱན་སྔར་བཤགས། །བདག་གི་བླ་མ་རིགས་བརྒྱའི་མགོན་པོ་དེས། །མཛད་པ་ཇི་བཞིན་ཐེག་པ་གོང་འོག་གི །ཉམས་ལེན་བླང་དོན་ཚུལ་བཞིན་བསྒྲུབ་བྱས་ན། །ནམ་ཡང་བསླུ་བར་མི་འགྱུར་སྐལ་ལྡན་རྣམས། །གཞན་འགའ་མདོ་རྒྱུད་གཞུང་དོན་མི་ཤེས་ཤིང་། །རིམ་གཉིས་རྟོགས་པ་ཟབ་མོས་དབེན་བཞིན་དུ། །དཀྱིལ་ཆོག་ཤར་བྱང་རོལ་མོ་མཁས་ཙམ་ལ། །རྡོ་རྗེ་འཛིན་པར་རློམས་རྣམས་ཨེ་མ་མཚར། །དེས་ན་རྡོ་རྗེ་ཐེག་པའི་ཉམས་ལེན་ལ། །བརྟེན་ནས་ཐར་ལམ་བསྒྲུབ་འདོད་སྐལ་ལྡན་རྣམས།