R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༢བ
[A:༡༢༢བ]ཆ་འགའ་ཞིག་བསྟན་པ་ལ་གཉིས་ཏེ། ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་པ་རྣམས་ཀྱི་གཙུག་རྒྱན་དམ་པ་མཚུངས་མེད་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བསྒྲུབ་པ་རྣམ་བཞིའི་ནང་ཚན་བཀའ་སྒྲུབ་གསུང་རབ་ལས་འབྱུང་ཚུལ་བཤད་པ་དང་། དེ་ཉིད་ཀྱི་རྩོད་སྤོང་གློ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་བཅོས་ལས་འབྱུང་ཚུལ་བཤད་པའོ། །དང་པོ་ནི། མཁས་པའི་དབང་པོ་མཚུངས་མེད་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བསྒྲུབ་པ་རྣམ་བཞི་ཞེས་བྱ་བ་ལ་བཀའ་བསྒྲུབ་ཀྱི་ལེའུ། འཕགས་པ་བསྒྲུབ་པའི་ལེའུ། བླ་མ་དམ་པ་བསྒྲུབ་པའི་ལེའུ། ཕྱག་ལེན་བསྒྲུབ་པའི་ལེའུ་དང་བཞི་ཡོད་པ་ལས། དེའི་དང་པོ་བཀའ་བསྒྲུབ་ཀྱི་ལེའུ་ཞེས་བྱ་བའི་ལེགས་བཤད་ལས་འདི་ལྟར་འབྱུང་བ་སྟེ། ཨོཾ་སྭ་སྟི་སིདྡྷིཾ། མཐུ་སྟོབས་དབང་ཕྱུག་གསུང་གི་བང་མཛོད་བརྙེས། །མདོ་རྒྱུད་དགོངས་དོན་མཐའ་དག་ཐུགས་སུ་ཆུད། །ཡང་དག་ཇི་བཞིན་འགྲོ་ལ་ལམ་མཆོག་སྟོན། །ས་སྐྱའི་བླ་ཆེན་རྣམས་ལ་ཕྱག་འཚལ་ལོ། །རྣམ་དག་དོན་བཟང་ཚིག་གི་བཀོད་ལེགས་གཞུང་ལུགས་ནོར་བུས་ཕྲེང་བ་རྣམས། །རང་བཟོའི་ཤེལ་ལ་ལུགས་བཟང་མིང་གི་ནོར་བུའི་ཁ་བསྒྱུར་ཕྲེང་བ་དག །རྣམ་པར་རྒྱས་ཕྱིར་སུན་འབྱིན་ཚིག་གིས་འཆད་པོའི་ཁ་ལ་བལྟ་ཙམ་གྱིས། །ཉན་པོའི་དབུས་སུ་ཡང་ཡང་བསྒྲགས་པས་ཕྲེང་བ་མཆོག་དེ་འགའ་ཡིས་འདོར། །དཔྱོད་ལྡན་ཆུ་དང་འཕྲད་གྱུར་ན། །རང་བཟོའི་ཤེལ་གྱི་རང་མདོག་སྟོན། །དྲི་མེད་ནོར་བུའི་ཕྲེང་བ་ཡི། །རང་བཞིན་བཟང་པོ་རྟག་ཏུ་བརྟན། །འདི་ན་དིང་སང་དཔྱོད་ལྡན་སྐྱེ་བོ་ཉུང་། །དཔྱོད་འདོད་རྣམས་ཀྱང་ཕལ་