R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༣བ
[A:༡༢༣བ]ཞིག་ཀྱང་དེ་དང་མཐུན་པར་སེམས་པར་བྱེད་མོད་ཀྱི། དེ་དག་ནི་དེ་ལྟར་མ་ཡིན་ཏེ། དེ་ལ་བཞི། གདན་གྱི་རྣམ་གཞག་ས་ཆེན་གྱི་བཀར་བསྒྲུབ་པ་དང་། གཞལ་ཡས་ཁང་གི་གསལ་བྱེད་སློབ་དཔོན་རིན་པོ་ཆེའི་བཀར་བསྒྲུབ་པ་དང་། དེ་ཁོ་ན་ཉིད་གསུམ་གྱི་མན་ངག་དང་། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་གཞུང་ཤིང་རྗེ་བཙུན་གྱི་བཀར་བསྒྲུབ་པ་དང་། ཁྲིད་ཀྱི་དཀར་ཆག་ས་པཎ་གྱི་བཀར་བསྒྲུབ་པའོ། །དང་པོ་ནི། རྗེས་འབྲང་ཁ་ཅིག རང་གིས་བཞག་པའི་ཀྱཻ་རྡོ་རྗེའི་ཞབས་ཀྱི་བཞུགས་ལུགས་དང་གཞུང་འདི་ཉིད་འགལ་བར་མཐོང་སྟེ། ཧ་ཤང་གིས་དགོངས་པ་ངེས་འགྲེལ་གྱི་མདོ་བལྟས་པ་ལྟར། རྣམ་པར་དག་པ་མ་ཡིན་པར་སྨྲའོ། །དེ་ནི་ཤིན་ཏུ་མི་རིགས་ཏེ། རྗེ་བཙུན་གྱི་དངོས་སློབ་དཀར་ཤཱཀྱ་གྲགས་ཀྱི་དག་ལྡན་ལས། གཟུགས་ཁམས་ཀྱི་ཚངས་པ་ཕྱེད་ཀྲུང་གིས་མནན་པ་ནི། གཏི་མུག་ལ་ཟུང་འཇུག་ངོ་བོ་ཉིད་ཀྱི་རྒྱ། སྟོང་གསུམ་གྱི་བདག་པོ་དྲག་པོ་དབང་ཕྱུག་ཆེན་པོ་གཡས་བརྐྱངས་པས་མནན་པ་ནི། འདོད་ཆགས་གསལ་བ་ལ་ཞེ་སྡང་སྟོང་པའི་རྒྱ། གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་གཡོན་བསྐུམས་པས་མནན་པ་ནི། ཞེ་སྡང་སྟོང་པ་ལ་འདོད་ཆགས་གསལ་བའི་རྒྱ། སུམ་ཅུ་རྩ་གསུམ་གྱི་དབང་པོ་ཡུམ་གྱི་ཞབས་གཡོན་པས་མནན་པ་ནི། ང་རྒྱལ་དང་འདོད་ཆགས་འབྲས་བུ་ལ་རྒྱུའི་རྒྱའོ། །ཞེས་གདན་གྱི་རྣམ་དག་ཇི་ལྟ་བ་བཞིན་དུ་བཞག་པས། དེ་ཉིད་རྣམ་དག་ཡིན་པར་གྲུབ་པའི་ཕྱིར་དང་། འཕགས་པ་རིན་པོ་ཆེས་ཀྱང་། ཞབས་མདུན་མ་གཉིས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། རྒྱབ་གཉིས་གར་སྟབས་ཀྱིས་བཞུགས་