R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤ན
[A:༡༢༤ན]པ། ཞེས་གསུངས་པའང་གཞུང་འདིའི་དོན་ཡིན་པས་ཚད་མར་མཛད་པར་གྲུབ་པའི་ཕྱིར་དང་། དིང་སང་ཡན་ཆད་ཀྱི་དཔལ་ལྡན་ས་སྐྱ་པ་རྗེས་འབྲང་དང་བཅས་པའི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་རས་བྲིས་བཞེངས་སྐུ་སོགས་མཐོང་བ་ཀུན་ལ་འདིར་བཤད་པའི་བཞུགས་ཚུལ་ཁོ་ན་ལྟར་སྣང་བས་དེ་དག་ཀུན་ཀྱང་ཡི་གེ་འདི་ཚད་མར་བྱེད་པ་འགྲུབ་པའི་ཕྱིར་དང་། ཁྱད་པར་ཁྱེད་རང་གི་རྩ་བའི་བླ་མ་ཤར་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་བཞུགས་ཚུལ་འདི་ཁོ་ན་ལྟར་བཤད་པའི་ཕྱིར་དང་། གྲུབ་ཆེན་བུདྡྷ་ཤྲཱིས་ཐུགས་དམ་རས་བྲིས་ལ་ཡང་བཞུགས་ཚུལ་འདི་བཞིན་དུ་ཡོད་པར་གྲགས་པས་བླ་མ་དེ་དག་ཀྱང་ཡི་གེ་འདི་ཚད་མར་བྱེད་པ་གསལ་བའི་ཕྱིར་དང་། གང་ཟག་དེ་ཙམ་གྱི་ཚད་མར་བྱས་པས་ཚད་མར་མི་འགྱུར་ན། ཧ་ཅང་ཐལ་བ་ལས་ཀྱང་ཆེས་ཐལ་བ་ཡིན་པའི་ཕྱིར་རོ། །ཡང་འདི་ལ་རྗེས་འབྲང་ཁ་ཅིག་ན་རེ། སློབ་དཔོན་རིན་པོ་ཆེས་མཚོ་སྐྱེས་འགྲེལ་པར། དེ་དག་ཀྱང་མཉམ་པར་བརྩེགས་པའི་སྙིང་ཁར་ཞབས་གཡས་གཉིས་ཀྱིས་མནན་པའོ། །རོལ་མོའི་ཚུལ་ནི་སྐྱིལ་ཀྲུང་ཕྱེད་པའོ་ཞེས་དང་། མཚོ་སྐྱེས་དབང་ཆོག་ཏུ། བདུད་བཞི་བརྩེགས་པའི་གདན་ལ་ཞབས་གཡས་གཉིས་བརྐྱངས་གཡོན་གཉིས་བསྐུམ་པའི་གར་སྟབས་ཀྱིས་བཞུགས་པ་ཞེས་གསུངས་པའི་བཞུགས་ཚུལ་འདི་དང་མི་མཐུན་པའི་ཕྱིར་རྣམ་པར་མ་གོ་ཞེས་སྨྲ་བ་གྲག་གོ །དེ་ནི་ལུགས་སོ་སོར་མ་ཕྱེད་པའི་བབས་བཅོལ་ཡིན་ཏེ། ལུགས་དེ་དག་མཚོ་སྐྱེས་ཀྱི་དགོངས་འགྲེལ་ཡིན་པའི་ཕྱིར་དང་། གཉིས་ཀའི་ཐུན་མོང་བ་ཡང་ཡོད་མོད་ཀྱི། བཞུགས་ཚུལ་མི་