R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༤བ
[A:༡༢༤བ]མཐུན་པར་མངོན་རྟོགས་རྒྱས་པའི་ལུང་གིས་གྲུབ་པས། འཕགས་བསྒྲུབ་ཀྱི་སྐབས་སུ་འཆད་པ་ལྟར་ཡིན་པའི་ཕྱིར་རོ། །ཡང་རྗེས་འབྲང་ཁ་ཅིག་ན་རེ། མངོན་རྟོགས་རྒྱས་པ་མཚོ་སྐྱེས་དང་ཚུལ་མཚུངས་པས་ངེད་ཀྱི་བཞག་པའི་བཞུགས་ཚུལ་འདི་རིགས་པ་ཡིན་ནོ་ཞེས་སྨྲ་བ་གྲག་གོ །དེ་ལྟར་ན་གདན་གྱི་རྣམ་དག་ལས་བྱུང་བའི་བཞུགས་ཚུལ་འདི་ལྟ་བུ་ཡང་མི་འདོད་བཞིན་དུ་ཁས་ལེན་དགོས་ཏེ། རིན་ཆེན་འབར་བ་ལས། ཉི་མར་ཞབས་གཡས་བརྐྱངས་གཡོན་བསྐུམས། ལྷག་མ་གར་གྱི་ཚུལ་གྱིས་བཞེངས། །ཞེས་གསུངས་ཤིང་། མངོན་རྟོགས་འབྲིང་པོ་ཌོམྦྷི་བ་དང་མཚུངས་པའི་ཕྱིར་རོ། །དེ་ལ་གཞན་དག་ན་རེ། ཟླ་ཟེར་ལས། ཨ་བྷྱས་སྐྱིལ་ཀྲུང་ཕྱེད་པ་དང་། གཡོན་བསྐུམས་གཡས་བརྐྱངས་དང་། རིན་ཆེན་འབར་བར་གཡས་བརྐྱངས་གཡོན་བསྐུམས། ལྷག་མ་གར་གྱི་ཚུལ་དུ་བཤད་པའི་དོན་ཡང་མདུན་མ་གཉིས་གཡས་པའི་བརླ་ལ་གཡོན་བསྐུམས་སོར་མོ་སྦྱར་བ་དང་། ལྷག་མ་རྒྱབ་མ་གཉིས་མདུན་མ་ལྟ་བུའི་གར་སྟབས་སོ་ཞེས་འབྲུ་བསྣན་དུ་རུང་ན། སློབ་དཔོན་ཐམས་ཅད་དགོངས་པ་གཅིག་པར་འགྱུར་པས་ཤིན་ཏུ་ལེགས་ཀྱི། གཞན་དུ་ན་སློབ་དཔོན་འདི་གཉིས་མི་མཁས་པར་ཐལ་བའི་སྐྱོན་ཡོད་དེ། རྒྱུད་དང་མི་མཐུན་པའི་ཕྱིར་རོ་ཞེས་འབྱུང་བས་བཞུགས་ཚུལ་མཐུན་པར་སྦྱོར་བས་སྐྱོན་མེད་དོ་ཞེ་ན། ཤིན་ཏུ་མི་འཐད་དེ། མདུན་རྒྱབ་གཉིས་བཞུགས་སྟབས་མཐུན་པ་ལ་དུམ་བུར་བྱས་ནས་མི་མཐུན་པའི་ཚིག་གིས་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད། གཞན་དག་འགོག་པའི་ཚིག་གི་ཟོལ་གྱིས་མི་མཁས་པར་ཐལ་སྐྱོན་འཕངས་ནས་རྗེ་བཙུན་གོང་མ་རྗེས་འབྲང་དང་