R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༥ན
[A:༡༢༥ན]བཅས་པ་འགོག་པ་ལ་ངལ་བ་དུ་མས་འབད་པར་ཟད་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། འདིའི་ཐད་དུ་དག་ལྡན་ལས། དབང་ཕྱུག་དང་དེ་ལས་ཆེ་བ་གསུམ་དང་བཅས་པ་ཉིད་ཀྱི་གདན་དུ་མཛད། ཞེས་གསུངས་པ་ལ། འདིར་དབང་པོ་དང་། ཉེ་དབང་གཉིས་དྲག་པོ་ལས་ཆུང་བར་བཤད་པས་དག་ལྡན་དང་འགལ་བའི་ཕྱིར་རྣམ་པར་མ་དག་གོ་ཞེ་ན། དེ་ནི་ཤིན་ཏུ་མི་འཐད་དེ། དག་ལྡན་ཉིད་ལས། བཅོམ་ལྡན་འདས་ཀྱི་གདན་ཚངས་པ་ནི། གཟུགས་ཀྱི་ཁམས་ཀྱི་ཚངས་པའོ། །དབང་པོ་ནི་སུམ་ཅུ་རྩ་གསུམ་གྱི་བརྒྱ་བྱིན། ཉེ་དབང་གཞན་འཕྲུལ་དབང་བྱེད་ཀྱི་བདུད་སྡིག་ཅན་ནོ། །དྲག་པོ་ནི་འཇིགས་བྱེད་དོ། །ཞེས་དབང་པོ་དང་ཉེ་དབང་དྲག་པོ་ལས་ཆུང་བར་བཤད་པའི་ཕྱིར། གཞུང་དེ་ཡང་མི་འཐད་པར་ཐལ་བའི་ཕྱིར་དང་། འདོད་ན། དག་ལྡན་བཀག་ནས་ས་སྐྱ་པར་ཁས་འཆེས་བ་འགལ་བའི་ཁུར་ཆེན་པོ་ཁྱེར་བ་ཡིན་པའི་ཕྱིར་རོ། །འོ་ན་རྗེ་བཙུན་གྱི་གསུང་དེ་ཇི་ལྟར་འཆད་ཅེ་ན། དེ་ནི་ལུགས་ཐ་དད་པ་གཉིས་བཀོད་པ་ཡིན་པས། བླ་མའི་མན་ངག་གིས་ཕྱེ་སྟེ་བཤད་དགོས་པ་ཡིན་ནོ། །གདན་གྱི་རྣམ་གཞག་འདི་བླ་མ་འགའ་ཞིག་གི་རྗེ་བཙུན་གྱིས་མཛད་པར་བཞེད་ལ། དེ་ལྟ་ན་ཡང་འགལ་བ་ཡོད་པ་མ་ཡིན་ནོ། གདན་གྱི་རྣམ་གཞག་བཀར་བསྒྲུབས་པ་བསྟན་ཟིན་ཏོ།། ༈ །།གཉིས་པ་གཞལ་ཡས་ཁང་གི་གསལ་བྱེད་སློབ་དཔོན་རིན་པོ་ཆེའི་བཀར་བསྒྲུབས་པ་ནི། རྗེས་འབྲང་ཁ་ཅིག རང་གིས་བཞག་པའི་དཀྱིལ་འཁོར་གྱི་ཚད་ཀྱི་རྣམ་པར་གཞག་པ་དང་གཞུང་འདི་ཉིད་འགལ་བར་མཐོང་སྟེ། ཧྭ་ཤང་གི་དགོངས་འགྲེལ་ལྟར་འདིར་ཡང་སྨྲ་བར་