R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧ན
[A:༡༢༧ན]བཏབ་པ་འདི་ལས། གླེགས་བམ་འདིར་རང་གི་ངན་རྟོག་གིས་བསླད་པ་གང་ཡང་གཞུག་པར་མི་བྱའོ། །གལ་ཏེ་རང་དྲན་པ་གསོ་བའི་ཟིན་བྲིས་བྱེད་ན་ཡང་ལོགས་སུ་ཞོག་ཅིག་ཅེས་གསུངས་པས། ཡི་གེ་ལྷག་ཡོད་མེད་རྣམས་ལེགས་པར་ཕྱེ་ནས་རྣམ་པར་གཞག་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས། མཁས་གྲུབ་ཀྱི་སློབ་མ་རྒྱ་མཚོ་དང་འདྲ་བ་ཤིན་ཏུ་མང་བ་རྣམས་ལ་བཤད་ཅིང་ཚིམས་པར་མཛད། དེ་ནས་དིང་སང་གི་བར་དུ་གང་ཟག་དམ་པ་གཞལ་གྱི་མི་ལང་བ་དང་། ཡི་གེ་རིགས་གཞལ་གྱི་མི་ལང་བར་རིམ་པར་བརྒྱུད་དེ་ཐོས་བསམ་བསྒོམ་པའི་བརྒྱུད་པ་བར་མ་ཆད་པ་ཆེན་པོ་འདིར། ཉིན་མོར་བྱེད་པའི་དཀྱིལ་འཁོར་ཤར་བ་ལྟར་འོང་པ་འདི་ལ་སུ་ཞིག་གིས་སྙོན་འདིངས་པར་ནུས་བློ་དང་ལྡན་པ་དག་གིས་མཐོང་ན་རང་གི་གནས་ལུགས་གོ་བར་བྱེད་པ་ཡིན་པའི་ཕྱིར་དང་། ས་པཎ་གྱི་ཁྲིད་ཀྱི་དཀར་ཆག་ཏུ་ཚད་མར་བཞག་ཅིང་། བླ་མ་དམ་པས་ཀྱང་གཞུང་ཤིང་བཞིའི་ཁྲིད་ཡིག་ཏུ་ཚད་མར་བཞག་པའི་ཕྱིར་དང་། དེ་དག་ཀྱང་ཡི་གེ་ཙམ་མ་ཡིན་པར་ཉམས་ཁྲིད་དུ་ལག་ལེན་བར་མ་ཆད་པར་ཡོད་པའི་ཕྱིར་དང་། དེ་ཙམ་གྱིས་ཀྱང་ཚད་མར་མི་འགྱུར་ན། གོ་བ་ཉིད་ཀྱིས་ཆོག་པའི་ཕྱིར་རོ། །དེར་མ་ཟད་རྗེས་འབྲང་དེ་དག་གིས་འདི་འདྲ་བ་ཡང་བྱས་པར་སྣང་། རྗེ་བཙུན་གྱི་དཀར་ཆག་ལས་གཞུང་ཤིང་བཞིའི་ཁྲིད་ཀྱི་ཡི་གེ་ཡོད་པར་བཤད་ཅིང་། སྔར་གྱི་ཡི་གེ་རྙིང་པ་དེ་བཀག་པས། དེའི་ཧོར་སྟོང་བསབ་པའི་དོན་དུ་རང་བློས་སྦྱར་བའི་དབང་པོ་རབ་འབྲིང་གསུམ་གྱི་དཀྲི་བའི་གཞུང་ཤིང་གི་ཡི་གེ་བྱས་ཏེ། འདི་སྐད་དུ། ཐབས་ཀྱི་ཕྱོགས་དང་། ཤེས་རབ་ཀྱི་