R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༧བ
[A:༡༢༧བ]ཕྱོགས་དང་། ཟུང་འཇུག་གི་རྣལ་འབྱོར་པ་གསུམ་མོ། དང་པོ་ལ་རིགས་གསུམ། ཐ་མ་ཚོགས་ཙམ་བསོག་པ། འབྲིང་ལས་ཚོགས་བསྒྲུབ་པ། རབ་བསྐྱེད་རིམ་བསྒོམ་པའོ། །ཤེས་རབ་ཀྱི་ཕྱོགས་ལ་གསུམ། ཐ་མ་ལྟ་བ་ཙམ་ལ་བློ་གནས་པ། འབྲིང་བསྐྱེད་རིམ་ལ་སེམས་འཛིན་པར་འདོད་པ། རབ་རླུང་གི་རྣལ་འབྱོར་བསྒོམ་པའོ། །གསུམ་པ་གང་ཟག་གི་རྣལ་འབྱོར་པ་ལ་གསུམ། དང་པོ་བཟླས་བརྗོད་དང་སྦྱིན་སྲེག་གིས་རྒྱུད་སྦྱངས། འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག་པ། རབ་མན་ངག་གི་གནད་བཅུ་གཅིག་གི་ལམ་ཁྲིད་ཞེས་བཀོད་ནས་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ་ཞེས་བྲིས་ཏེ། སྒོ་རུམ་དཔེ་ཁང་ནས་བརྙེད་དོ་ཞེས་ཟེར་རོ། །དེ་ནི་ཆེས་ཤིན་ཏུ་མི་འཐད་དེ། དེ་འདྲ་བའི་ཡི་གེ་ཁྱེད་རང་ཡན་ཆད་ཀྱི་མཁས་རྨོངས་ཀྱི་གང་ཟག་སུ་ལ་ཡང་མ་གྲགས་པའི་ཕྱིར་དང་། གྲགས་ན་ལམ་འབྲས་ཇི་ལྟར་དར་བ་ལྟར་ཡི་གེ་དེ་ཡང་དར་ཏེ་རྙིང་པ་མང་དུ་མཐོང་དགོས་པ་ལས་རེ་རེ་ཙམ་ཡང་མ་མཐོང་བའི་ཕྱིར་དང་། དོན་ལ་སྐྱོན་ཆེར་གནས་ཏེ། ཐབས་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་རྣལ་འབྱོར་པས། བླང་བྱ་དེ་དག་ཉམས་སུ་བླངས་པ་ལས། རིམ་གྱིས་ཟུང་འཇུག་ལ་བློ་ཁ་ཕྱོགས་པའི་རྒྱུར་འགྱུར་བ་གཅིག་དགོས་པ་ལས། དོན་དེ་ལ་ཕན་པའི་ལམ་ཅི་ཡང་མི་སྣང་བའི་ཕྱིར་དང་། ཡང་ན་རང་གང་ལ་མོས་པའི་ལམ་དེ་བསྒོམ་པ་སྟོན་དགོས་པ་ལས་དེ་ཡང་མི་སྣང་བའི་ཕྱིར་དང་། གལ་ཏེ་སྒོ་རུམ་དཔེ་ཁང་ནས་བརྙེད་པ་བདེན་སྲིད་ནའང་། དེ་ལ་ཚིག་དོན་གང་གི་བརྒྱུད་པ་ཡང་མེད་པས་དིང་སང་ལུང་སོགས་འཆད་པ་ཧ་ཅང་བཞད་གད་ཆེན་པོ་ཡིན་པའི་ཕྱིར་