R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨ན
[A:༡༢༨ན]རོ། །འདི་དག་གི་དགག་བསྒྲུབ་ཞིབ་པར་ཁོ་བོས་ལོགས་སུ་བྲིས་ཡོད་པས་དེར་བལྟ་བར་བྱའོ། །དེ་ཁོ་ན་ཉིད་གསུམ་གྱི་མན་ངག་དང་། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་གཞུང་ཤིང་བཀར་བསྒྲུབ་པ་བཤད་ཟིན་ཏོ།། །།བཞི་པ་ཁྲིད་ཀྱི་དཀར་ཆག་ས་པཎ་གྱི་བཀར་བསྒྲུབ་པ་ནི། རྗེས་འབྲང་ཁ་ཅིག སྔོན་འགྲོའི་ཁྲིད་བཀག་པ་དང་། ཕོ་བྲང་དྲུག་ཏུ་འདོད་པ་ནི་གཉུག་མ་དྲན་གསལ་གྱི་ལུགས་བསྲེས་པ་ཡིན་ནོ། །ཞེས་ཕོ་བྲང་དྲུག་པ་འདོད་པ་བཀག་པ་དང་། དབང་པོ་རབ་འབྲིང་གསུམ་གྱིས་དཀྲི་བའི་གཞུང་ཤིང་གི་ཡི་གེ་རྙིང་པ་དག་བཀག་པས། ཡི་གེ་འདིར་དེ་དག་གསལ་བར་བཤད་པའི་ཕྱིར་དང་། རང་གི་གྲུབ་པའི་མཐའ་ལ་གནོད་པར་དོགས་པའི་བསམ་པས་དགག་པ་བརྗོད་པར་བྱེད་མོད། དེ་ཡང་ཆེས་ཤིན་ཏུ་མི་འཐད་དེ། ཡི་གེ་འདི་ཉིད་ཀྱི་གསལ་བྱེད་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་ཟིན་བྲིས་ཡོད་པའི་ཕྱིར་དང་། བླ་མ་དམ་པས་ཀྱང་གཞུང་ཤིང་བཞིའི་ཡི་གེར་ཐུན་གྲངས་སོགས་ཡི་གེ་འདི་ཚད་མར་བྱས་ནས་བཤད་པའི་ཕྱིར་དང་། ཁྱད་པར་དུ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བར། ཐུན་མོང་མ་ཡིན་པ་ལ་ཁྲིད་ཀྱི་དཀར་ཆག་ཞེས་མཚན་ནས་སྨོས་ནས་ཚད་མར་བཞག་པའི་ཕྱིར་དང་། ཚོགས་བསྒོམ་རིན་པོ་ཆེའི་སློབ་མ་ཉན་ཆེན་པ་དང་། གཉག་སྙིང་པོ་རྒྱལ་མཚན་གྱིས་མཛད་པའི་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ཏུ། ཐོག་མར་ཁྲིད་ཀྱི་སྔོན་འགྲོ་དང་ཐུན་གྱི་སྔོན་འགྲོ་རྣམས་བསྟན་ནས། དེ་མ་ཐག་ཏུ་སྣང་བ་གསུམ་གྱི་ཁྲིད་བསྟན་པས། ཚོགས་བསྒོམ་པ་དཔོན་སློབ་རྣམས་ཀྱང་ཡི་གེ་འདི་ཚད་མར་བྱས་ནས་