R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༨བ
[A:༡༢༨བ]གསུངས་པ་གྲུབ་པའི་ཕྱིར་དང་། ཆོས་རྗེ་གཟུངས་པས་བླ་མ་ཀླུ་པ་ལ་གནང་བའི་དྲིས་ལན་དུ། ཡི་གེ་འདི་ཚད་མར་བྱས་ཏེ་ལན་མཛད་པས་གང་ཟག་དམ་པ་དེ་ཙམ་ཞིག་གིས་ཚད་མར་མཛད་པས་ཚད་མར་མི་འགྲུབ་ན་ཧ་ཅང་ཐལ་བའི་ཕྱིར་དང་། ཕོ་བྲང་དྲུག་པ་ནི་རྗེ་བཙུན་གྱི་གདན་སོགས་ཀྱི་ཡི་གེར། ཕོ་བྲང་ལྔའམ་དྲུག་གི་དབུས་མ་དེ་སངས་རྒྱས་དང་རིག་མའི་གདན། ཞེས་གསུངས་པ་མ་མཐོང་བར་ཟད་པའི་ཕྱིར་དང་། དེའི་ཕྱིར་གཉུག་མ་དྲན་གསལ་གྱི་ལུགས་འདྲེས་པར་སྨྲ་བ་ནི་རྗེ་བཙུན་ལ་དགག་པ་བྱེད་པར་སྣང་བའི་ཕྱིར་དང་། རྗེ་བཙུན་བཀག་ནས་ས་སྐྱ་པའི་རྗེས་འབྲང་དུ་རློམ་པ་ནི་གད་མོའི་གནས་ཡིན་པའི་ཕྱིར་དང་། རྗེ་བཙུན་གྱི་གསུང་དེའི་གསལ་བྱེད་དུ་ཡི་གེ་འདི་མེད་ན་ཕོ་བྲང་དྲུག་པའི་གནས་ཚུལ་དང་། བསྒོམ་ཚུལ་གང་ཡང་ཤེས་པ་མ་ཡིན་ཏེ། ཡི་གེ་གཞན་དུ་གསལ་བར་མ་བསྟན་པས་ཁྱེད་ཅག་གིས་མི་ཤེས་པའི་ཕྱིར་དང་། དེའི་ཕྱིར་ཡི་གེ་འདིར་བསྟན་པའི་ཟབ་པའི་གནས་དུ་མ་དག་ལས་རིང་དུ་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཁྱེད་ཀྱི་སྨྲ་བ་འདི་དག་ལ་ནི། དཔལ་ལྡན་ས་སྐྱ་པཎྜི་ཏས། འདི་ནི་སངས་རྒྱས་བསྟན་པ་ལ། །བདུད་ཚིག་ཡིན་པས་རྣ་བ་དགག །ཞེས་གསུངས་པ་དེ་དྲན་པར་བྱ་བ་འོས་པའོ། །ཁྲིད་ཀྱི་དཀར་ཆག་བཀར་བསྒྲུབ་པ་བསྟན་ཟིན་ཏོ། །བསྒྲུབ་པ་རྣམ་པ་བཞི་ལས་བཀའ་བསྒྲུབ་བསྟན་པའི་ལེའུ་སྟེ་དང་པོའོ། །ཞེས་པ་དེ་རྣམས་ཀྱི་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་པ་རྣམས་ཀྱི་གཙུག་རྒྱན་དམ་པ་མཚུངས་མེད་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པའི་བསྒྲུབ་པ་རྣམ་བཞིའི་ནང་ཚན་བཀའ་བསྒྲུབ་གསུང་རབ་ལས་འབྱུང་ཚུལ་བཤད་ཟིན་