R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢༩ན
[A:༡༢༩ན]ནས།། ༈ །།གཉིས་པ་དེ་ཉིད་ཀྱི་རྩོད་སྤོང་གློ་བོ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་བསྟན་བཅོས་ལས་འབྱུང་ཚུལ་བཤད་པ་ནི། ཆོས་ཀྱི་རྗེ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོའི་མཛད་པའི་བཀའ་བསྒྲུབ་ཀྱི་རྩོད་སྤོང་གི་ཡི་གེ་ཚིག་དོན་མུན་སེལ་ཞེས་བྱ་བ་ལས་འདི་ལྟར་འབྱུང་སྟེ། ཨོཾ་འགྲུབ་པར་གྱུར་ཅིག ཀུན་བཟང་གསུང་གི་འོད་ཟེར་གྱིས། །ཆ་ཤས་ཤིན་ཏུ་ཕྲ་མོ་ཡང་། །ཕྲག་དོག་མིག་གི་མི་བཟོད་པའི། །འཁྲུལ་པའི་འཆལ་གཏམ་འདི་སྐད་ལོ། །རྗེས་འབྲང་ཁ་ཅིག རང་གིས་བཞག་པའི་ཀྱཻ་རྡོ་རྗེའི་ཞབས་ཀྱི་བཞུགས་ལུགས་དང་གཞུང་དེ་ཉིད་འགལ་བར་མཐོང་སྟེ། ཧ་ཤང་གི་དགོངས་པ་ངེས་འགྲེལ་གྱི་མདོ་བལྟས་པ་ལྟར་རྣམ་པར་དག་པ་མ་ཡིན་པར་སྨྲ་འོ། །ཞེས་ཕྱོགས་སྔ་མ་བཀོད་པའི་ལུགས་སུ་བྱས་ནས། དེ་ལ་དཀར་ཤཱཀྱ་གྲགས་ཀྱིས་མཛད་པའི་དག་ལྡན་དང་། འཕགས་པ་རིན་པོ་ཆེས། ཞབས་མདུན་མ་གཉིས་གཡས་བརྐྱངས་ཞིང་གཡོན་བསྐུམ་པ། རྒྱབ་མ་གཉིས་གར་སྟབས་ཀྱི་བཞུགས་པ་ཞེས་གསུངས་པ་དང་། དིང་སང་ཡན་ཆད་ཀྱི་དཔལ་ལྡན་ས་སྐྱ་པ་རྗེས་འབྲང་དང་བཅས་པའི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་བྲིས་སྐུ་དང་བཞེངས་སྐུ་སོགས་མཐོང་བ་ཀུན་འདིར་བཤད་པའི་བཞུགས་ཚུལ་ཁོ་ན་ལྟར་སྣང་བས་དེ་དག་ཀུན་ཀྱང་ཡི་གེ་འདི་ཚད་མར་བྱེད་པར་གྲུབ་པའི་ཕྱིར་དང་། ཁྱད་པར་ཁྱེད་རང་གི་རྩ་བའི་བླ་མ་ཤར་པ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གུར་རིགས་བསྡུས་ཀྱི་སྒྲུབ་ཐབས་སུ་བཞུགས་ཚུལ་འདི་ཁོ་ན་ལྟར་བཤད་