R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༠ན
[A:༡༣༠ན]ཞིང་། ཚིག་ངན་གྱི་མེ་རྩེ་ཡང་སྟོན་པར་བྱེད་དོ། །འདི་དག་ལ་སངས་རྒྱས་ཀྱི་བསྟན་པ་རྣལ་པོར་ཡོད་ཅིང་། དུས་ངན་པ་མ་ཤར་བའི་སྐབས་སུ་ལན་བྱ་བར་འོས་པ་མ་ཡིན་ཡང་། དིང་སང་རྟོག་དཔྱོད་ཆེ་བར་བྱས་པ་རྣམས་ཀྱིས་སྐྱེས་བུ་དམ་པ་འགོག་པ་ཁོ་ན་ལ་རྣམ་དཔྱོད་ཀྱི་ཤེས་རབ་ཆེ་བར་རློམ་ཞིང་སྐལ་བ་དམན་པའི་གང་ཟག་རྣམས་ཀྱང་ལམ་ཟབ་མོ་ཉམས་སུ་ལེན་པ་ལས་ཕྱིར་ཕྱོགས་ཏེ་འགྲོ་བ་དག་སྣང་བས། གང་ཟག་མཆོག་ལ་སྨད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་ལན་གྱི་སྤྲོས་པ་ཅུང་ཟད་བརྗོད་པར་བྱའོ།།དེ་ཡང་སྐྱེས་བུ་དམ་པ་རྒྱལ་བས་ལུང་བསྟན་པ་འདི་ལྟ་བུ་ལ་ཚུལ་གང་གི་སྒོ་ནས་སྨད་ཀྱང་ཉེས་པ་ཤིན་ཏུ་ཆེ་སྟེ། རྒྱལ་བའི་ཡུམ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོ་རྩོད་པ་བརྩོམ་བྱེད་ན། །ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་པར་བཞིན་ནས་གོ་ཆ་བགོ་དགོས་སོ། །ཞེས་གསུངས་པ་དེ་གོ་བར་བྱོས་ཤིག གཉིས་པ་ལན་ལ། གཞི་མེད་ཀྱི་སྐུར་བ་བཏབ་པར་བསྟན་པ་དང་། གདན་དང་བཞུགས་ཚུལ་མ་སྤྲོས་པ་དཔྱད་པའོ། །དང་པོ་ནི། རྗེ་བཙུན་ཨཱ་ནནྡ་བྷ་དྲ་ཉིད་ཀྱིས་མཛད་པའི་བླ་མ་གོང་མ་གསུམ་གྱི་བཀའ་འབུམ་གྱི་དཀར་ཆག་རིན་པོ་ཆེའི་ལྡེ་མིག་ལས། ས་ཆེན་བཀའ་འབུམ་གྱི་ནང་དུ་ཀྱཻ་རྡོ་རྗེའི་གདན་གྱི་དག་པ་ཞེས་དངོས་སུ་སྨོས་ཤིང་ཀྱཻ་རྡོ་རྗེའི་རྒྱུད་ཀྱི་བྱུང་ཚུལ་འཆད་པའི་རྣམ་པར་ཐར་པ་ངོ་མཚར་རྒྱ་མཚོ་ལས་ཀྱང་། བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང་། དྲག་པོའི་ཆུང་མ་བརྒྱད་དང་མིང་མཐུན་པའི་གཽ་རཱི་ལ་