R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༠བ
[A:༡༣༠བ]སོགས་པའི་ལྷ་མོ་བརྒྱད་སྤྲུལ་ནས་དབང་ཕྱུག་རང་དང་། དེ་བས་ཆེ་བ་གསུམ་དང་བཅས་པ་བཅོམ་ལྡན་འདས་ཉིད་ཀྱི་གདན་དུ་མཛད་དེ། དྲེགས་པ་ཅན་བརྒྱད་ནི་ལྷ་མོ་བརྒྱད་ཀྱི་གདན་དུ་བྱས་ཞེས་རྣམ་བཤད་དག་ལྡན་དུ་འབྱུང་ལ། གདན་གྱི་དག་པ་ལས། དྲག་པོའི་འཁོར་ཆེ་ཤོས་ནི་གཙོ་བོས་མནན། དྲག་པོ་རང་ནི་གྷསྨ་རིས་མནན་ཅེས་ཅུང་ཟད་མི་འདྲ་བའི་ཚིག་གི་ཁྱད་པར་དང་བཅས་ནས་ལུང་དུ་དྲངས་ཤིང་། རྗེ་བཙུན་ཀུན་དགའ་བཟང་པོ་ཉིད་ཀྱིས་མཛད་པའི་གསུང་རབ་གང་གི་ནང་ན་ཡང་འདི་ཚད་ལྡན་མ་ཡིན་པར་སྟོན་པའི་ཚིག་གཅིག་ཀྱང་མེད་ལ། འདི་རང་ལ་འདིས་མཛད་ཀྱི་མཛད་བྱང་དངོས་སུ་སྨོས་པ་མེད་ཀྱང་། བཀའ་འབུམ་རྣམས་ཀྱི་ནང་དུ་ས་ཆེན་གྱི་བཀའ་འབུམ་ནང་དུ་སྒྲིགས་པས། རྗེ་བཙུན་གྱི་བཀའ་འབུམ་དུ་སྒྲིགས་པ་ནི་ཅི་རིགས་པ་འབྱུང་ངོ་། །ས་སྐྱ་པ་ཆེན་པོས་མཛད་བྱང་དངོས་སུ་མ་སྨོས་པ་ཤས་ཆེ་བ་ཡོང་གིན་འདུག་ཅེས་རྗེ་བཙུན་ཀུན་དགའ་དབང་ཕྱུག་གསུངས་ཤིང་། དེ་ལས་རྗེས་སུ་དཔག་ནས་ཀྱང་ས་ཆེན་བཀའ་འབུམ་དུ་འཇུག་པ་ཉིད་འཐད་དམ་བསམ་མོ། །ཡང་རྗེ་བཙུན་ཀུན་དགའ་བཟང་པོ་ཉིད་ཀྱི་ཀྱཻ་རྡོ་རྗེའི་མངོན་པར་རྟོགས་པ་བསྡུས་པར་ཡང་། ཞབས་མདུན་མ་གཉིས་གཡས་བརྐྱངས་གཡོན་བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཞེས་དངོས་སུ་བཤད་ཅིང་། རྗེ་ཉིད་ཀྱི་ཐུགས་དམ་བྲིས་སྐུ་ལ་ཡང་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་དང་། ཆོས་རྗེ་ཤར་པ་ཡེ་ཤེས་རྒྱལ་མཚན་གྱི་སྐུའི་སྟེང་དུ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་སྐུ་བཀྲམ། གདན་གྱི་ཚུལ་གྱིས་བཞུགས་པ་རེ་རེ་རྗེ་ཉིད་ཀྱི་ཞལ་བཀོད་མཛོད་བྲིས་ཡོད་པའི་ཕྱིར། བཀྲམ་གདན་དུ་བྱས་