R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢ན
[A:༡༣༢ན]ནས་མནན་པ་དང་། ཞབས་གཡས་བརྐྱངས་བས་དབང་ཕྱུག་ཆེན་པོའི་སྙིང་ཁ་ནས་མནན་པ་དང་། གཡོན་བསྐུམ་པས་གཞན་འཕྲུལ་དབང་བྱེད་བདུད་སྡིག་ཅན་གྱི་སྙིང་ཁ་ནས་མནན་པ་དང་། ཡུམ་གྱི་ཞབས་གཡོན་པས་བརྒྱ་བྱིན་སྙིང་ཁ་ནས་མནན་པར་གསུངས་པ་ཡང་འདི་ལ་དགོངས་པར་སྣང་བས། བདུད་བཞི་བཀྲམ་གདན་གྱི་ཚེ་ཡབ་ཀྱི་ཞབས་བརྐྱངས་པ་གསུམ་དང་། ཡུམ་གྱི་ཞབས་གཡོན་བརྐྱངས་པ་གཅིག་གིས་བདུད་བཞི་སོ་སོར་མནན་ནས། བསྐུམས་པ་གཉིས་ཀྱིས་མནན་རྒྱུ་མེད་པ་ལ་བྱ་དགོས་པར་སྣང་ངོ་། །མདོར་ན་གསུངས་ཚུལ་སོ་སོར་གསུངས་པ་ཙམ་མ་གཏོགས་སྦྱར་ཚུལ་གང་ལ་སྦྱར་ཡང་དག་པ་རེ་སྦྱར་རྒྱུ་ཡོད་པས་འགལ་བ་མེད་པ་འདྲའོ་ཞེས་མན་ངག་གི་གསལ་བྱེད་ལས་གསུངས་པ་འདི་ཁོ་ནས་ལོག་པར་རྟོག་པ་སེལ་བར་ནུས་ལ། ཀུ་མུ་ཏི་ལས། ཁྲོ་བོའི་ཕྱག་རྒྱ་འཆད་པའི་སྐབས་སུ་ཕྱག་རྒྱ་ཡང་བཤད་པར་བྱ་སྟེ། གཡས་ཀྱི་ཞབས་ཀྱི་བརླ་སླེབ་ཅིང་། གཡོན་པའི་ཞབས་ཀྱི་རྩེས་མནན་པ། མནན་པའམ་ཞེས་པ་ཡན་ཁྲོ་མོའི་ཕྱག་རྒྱ་ཡིན་ལ། བཟློག་ནས་མནན་པ་ནི་ཁྲོ་བོའི་ཕྱག་རྒྱ་གདན་དུ་བརྗོད་ཞེས་པའི་ཚིག་རྐང་ཕྱེད་དང་གཉིས་པོ་འདིས་ཁྲོ་བོའི་ཕྱག་རྒྱ་དངོས་བསྟན་ཅིང་། དེ་ལྟར་ན། བཟློག་ནས་མནན་ཞེས་པའི་དོན་ཡིན་པས་འདིར་ཡང་། གཡོན་པའི་ཞབས་ཀྱི་བརླ་སླེབ་ཅིང་། །གཡས་པའི་ཞབས་ཀྱི་རྩེས་མནན་པ། །ཞེས་སྦྱར་དགོས་པས་ཞབས་གཡས་བརྐྱངས་བའི་བརླ་ལ་གཡོན་པའི་སོར་མོ་སླེབ་ཅིང་། གཡས་པའི་ཞབས་ཀྱི་རྩེས་བདུད་བཞིའི་སྙིང་ཁར་མནན་པ་ཤིན་དུ་གསལ་བར་གསུངས་པ་དང་། ཡང་རྗེ་བཙུན་ཀུན་