R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༢བ
[A:༡༣༢བ]བཟང་གིས། ཀྱཻ་རྡོ་རྗེ་བཅུ་བདུན་མའི་མངོན་རྟོགས་སུ། ལུང་འདི་ཡབ་ཡུམ་གཉིས་ཀའི་ཁྲོ་བོའི་ཕྱག་རྒྱ་འདམ་ཁ་ཅན་དུའང་ཞེས་པའི་ཚིག་ལ་བརྟེན་ནས་མཛད་ཅིང་། ཡབ་ལའང་གཡོན་གཉིས་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པ་མཛད་དོ། །རྗེ་བཙུན་གྱི་འཁྲུལ་སྤོང་དུ་ཡང་། གང་གི་མཚུངས་མེད་བདེ་ཆེན་ཞབས་པདྨོ། །ཚངས་དབང་འཇུག་སེལ་དྲག་པོའི་གཙུག་གིས་མཆོད། སྲིད་ཞིའི་དགྲར་གྱུར་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་འདིས་ཀྱང་བཞུགས་ཚུལ་འདི་ཁོ་ན་ཐོན་ཅིང་། མི་ཐུབ་ཟླ་བ་ཉིད་ཀྱི་ཡན་ལག་དྲུག་པར་ཡང་། བདུད་བཞིའི་སྙིང་ཁ་ཉམས་དགའི་གནས་སུ་སེམས་ཅན་དོན་མཛད་དགོས། ཞེས་བདུད་བཞི་ཁའི་སྙིང་ཁ་ཞབས་ཀྱིས་མཉམ་པར་མནན་པ་འདི་ལེགས་པར་གྲུབ་པའི་ཕྱིར་རོ། །སྒྱི་ཆུ་བའི་དཀའ་འགྲེལ་ལས་ཀྱང་། གཞལ་ཡས་ཁང་དེའི་དབུས་སུ་པད་ཉིའི་སྟེང་དུ་གཙོ་བོ་བདུད་བཞི་བརྩེགས་པའི་གདན་ཞེས་གསལ་བར་གསུངས་སོ། །དེས་ན་མན་ངག་ལུགས་ཀྱི་ཡན་ལག་བཞི་དྲུག་དང་། མཚོ་སྐྱེས་ལུགས་ལ་བརྩེགས་གདན་བཤད་པར་མ་ཟད། འགྲེལ་པ་ལུགས་ཀྱི་ཀུ་མུ་ཏི་དང་། ཡན་ལག་དྲུག་པར་ཡང་བརྩེགས་གདན་དུ་བཤད་པ་ཡོད་པར་ཁས་ལེན་དགོས་ཤིང་། རིན་ཆེན་འབར་བ་ལས། ཉི་མར་ཞབས་གཡས་བརྐྱངས་གཡོན་བསྐུམ། །ལྷག་མ་གར་གྱི་ཚུལ་དུ་བཞེངས། །ཞེས་པའི་སྐབས་སུ་ཡང་ཞབས་མདུན་མ་གཡས་བརྐྱངས་གཡོན་བསྐུམ་གྱིས་བཞུགས་ཤིང་། ལྷག་མ་གར་སྟབས་ཀྱིས་བཞེངས་པ་གསལ་བར་གསུངས་པས། རིན་ཆེན་འབར་བ་དང་ཡན་ལག་དྲུག་པ་དང་། ཀུ་མུ་ཏིར་བཤད་པ་ཡང་རྣམ་གྲངས་མི་འདྲ་བའི་ཁྱད་པར་