[A:༡༣༣ན]ཅུང་ཟད་ཡོད་པ་ལ་འགལ་བ་ཅི་ཡང་མེད་དོ་སྙམ་དུ་ཁོ་བོ་ཅག་སེམས་ཏེ། སྙིང་པོ་དོན་གསལ་ལས། དེ་སླད་ཁྱོད་ཞབས་ཕྱག་དང་ཕྱག་མཚན་གཞན་དབང་ཁོ་ནར་བདག་གིས་འཚལ། །ཞེས་བཤད་པའི་ཕྱིར་རོ། །འོན་ཀྱང་ལུགས་གཅིག་ལ་བརྟེན་པའི་རང་རང་གི་བླ་མ་བརྒྱུད་པ་ཚད་ལྡན་གྱི་ལུང་དང་འགལ་ན། དེ་དང་དེའི་སྐབས་སུ་དགག་པར་ནུས་པ་ཡིན་གྱི། དགོངས་པ་སོ་སོའི་བཞེད་ཚུལ་གཅིག་གིས་གཅིག་ལ་གནོད་པར་ནུས་པ་ནི་གཏན་མ་ཡིན་ཏེ། མཁས་པ་འཇུག་པའི་སྒོར། གཞལ་བྱ་གསུམ་པ་སྤྱོད་པ་ན། །རང་རང་ལུང་དང་འགལ་ན་གནོད། །དཔེར་ན་ཆགས་སོགས་སྡིག་པ་དང་། །ཆགས་བྲལ་ཆོས་སུ་འཆད་བཞིན་དུ། །ཁྲུས་ཀྱི་སྡིག་པ་འདག་པ་དང་། །འཚེ་བ་ཆོས་སུ་སྨྲ་བ་བཞིན། །ཞེས་གསུངས་པ་ལྟ་བུའོ། །ཡང་རས་བྲིས་ལ་སོགས་པའི་སྐུ་གཟུགས་རྙིང་པ་རྣམས་ལ་བརྩེགས་གདན་དུ་བྱས་པ་འདི་ལྟ་བུ་མ་མཐོང་ངོ་ཞེས་ཟེར་བ་ཡང་། རང་ཉིད་ཀྱིས་མ་མཐོང་བ་ལ་ཟེར་ན་ནི་ཤིན་ཏུ་མད་པ་ཡིན་ཀྱང་། སྤྱིར་མ་མཐོང་བ་ནི་ཁེགས་པར་ནུས་པ་མ་ཡིན་ཏེ། ཇོ་བོ་ནཱ་རོ་ཏ་པའི་ཐུགས་དམ་རྒྱ་གར་གྱི་རི་མོ་ངོ་བོ་གུར་རིགས་བསྡུས་པའི་དཀྱིལ་འཁོར་པཎ་ཆེན་ཤཱཀྱ་ཤྲཱིའི་བོད་དུ་བསྣམས་བྱོན་ཏེ་ཐར་པ་ལོ་ཙཱ་བའི་དགོན་པར་བཞུགས་འདུག་པ་བདག་གིས་མངོན་སུམ་དུ་མཐོང་བ་ལ་ཡང་བརྩེགས་གདན་གྱི་བཞུགས་ཚུལ་འདི་པ་བཞེད་པ་ལྟར་ཡོད་པ་དང་། འཕགས་པའི་ཡུལ་གྱི་ཧེ་བཛྲའི་རྡོ་སྐུ་རྙིང་པ་ལ་ཡང་། དུས་ཕྱིས་རྒྱ་གར་དུ་ཕྱིན་པའི་མིས་དངོས་སུ་མཐོང་སྟེ་ངོར་པའི་ལུགས་ཀྱི་ཀྱཻ་རྡོ་རྗེའི་ཞབས་ཀྱི་བཞུགས་ཚུལ་འདི་རྒྱ་གར་ན་ཡང་འདུག་གོ་