R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༣བ
[A:༡༣༣བ]ཞེས་རྗེས་སུ་སྒྲོག་པའི་ཕྱིར་དང་། རྗེ་བཙུན་ག་ཡ་དྷ་རའི་རྒྱ་དཔེའི་ཐོག་མར་ཡང་འདི་ལྟ་བུ་བྲིས་ཡོད་པར་ས་ལོ་ཙཱ་བ་གཉིས་པ་དག་གིས་གཟིགས་པར་གྲགས་པའི་ཡང་ཕྱིར་རོ། །དེས་ན་གོང་དུ་བཤད་པའི་དགག་ཡུལ་གཏན་མེད་པའི་དགག་པ་དེ་དག་དང་། དེ་དང་རྗེས་སུ་འབྲེལ་བའི་སྐྱོན་བརྗོད་སྤྱི་བཏོལ་གྱི་ཚིག་དང་བཅས་ཏེ་སྨྲས་འདུག་པ་རྣམས་ཀྱང་ལེགས་པར་མ་རྟོགས་པར་ཡིན་པ་བཤད་ཅིང་། དཔལ་ལྡན་ས་སྐྱ་པཎྜི་ཏས། རང་ཉིད་མུན་ཁུང་ཞུགས་ནས་ནི། །ཉི་མའི་འོད་ལ་འཁང་བ་ལྟར། །དེ་བཞིན་སྡིག་པའི་ལུགས་ཞུགས་ནས། །ཕན་མཛད་ཁྱོད་ལ་འཁང་བར་ཟད། །ཅེས་གསུངས་པ་ཡང་འདི་འདྲ་བ་ལ་དགོངས་པ་ཡིན་པར་གོ་བར་བྱོས་ཤིག ཡང་གཞལ་ཡས་ཁང་གི་གསལ་བྱེད་ཅེས་བྱ་བའི་ཡི་གེ་བསྡུས་པ་གཅིག་ཡོད་འདི་འབའ་ཞིག་ཏུ་རྗེ་བཙུན་རྩེ་མོས་མཛད་བྱ་བ་དང་། ལ་ལ་རྗེ་བཙུན་གྱིས་མཛད་ཟེར་བ་ཡོང་གིན་འདུག་ཀྱང་། རྗེ་བཙུན་སྐུ་མཆེད་ཀྱིས་མཛད་པར་ངེས་པ་དང་། མཛད་པ་མ་ཡིན་པར་ངེས་པའི་ཤེས་བྱེད་ཁུངས་ཐུབ་པ་ཅི་ཡང་མ་མཐོང་ཞིང་། ཁྱེད་ཀྱི་ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཡབ་སྲས་གསུམ་གྱི་བཀའ་འབུམ་སྒྲིགས་པའི་སྲོལ་ཐོག་མར་ཕྱེ་བ་དེའི་ནང་དུ་མ་ཆུད་ཀྱང་ཐེག་ཆེན་ཆོས་རྗེའི་ཕྱག་དཔེ་ལ་འདི་ཉིད་ཀྱི་མཇུག་ཏུ། འདི་ལ་ཕྱི་མོ་དུ་མ་སྣང་ན་ཡང་། བཀའ་འབུམ་སྔ་མ་རྣམས་སུ་མ་བཅུག་ཕྱིས་སྒོ་རུམ་དཔེ་ཁང་ནས་ཀྱང་བླ་དཔེ་རྙིང་པ་བྱུང་བ་མཐོང་བས་ཡིད་ཆེས་པར་བྱས་ནས་བཀའ་འབུམ་ཕྱི་མ་རྣམས་སུ་བཞུགས་སུ་གསོལ་བ་ཡིན་ནོ་ཞེས་གསུངས་པས་ཚད་མ་ཡིན་པར་ངེས་པའི་ཕྱིར་ཡི་གེར་བྲིས་སོ། །འདི་ཡང་སྒྲུབ་བྱེད་ཚད་ལྡན་མ་ཡིན་