R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤ན
[A:༡༣༤ན]ཏེ། སྒོ་རུམ་གྱི་དཔེ་ཁང་ན་བླ་དཔེ་རྙིང་པ་ཡོད་པས་ཀྱང་རྗེ་བཙུན་སྐུ་མཆེད་གང་རུང་གིས་མཛད་པར་བསྒྲུབ་པར་མི་ནུས། ཐེག་ཆེན་ཆོས་རྗེས་བཀའ་འབུམ་ཕྱི་མ་རྣམས་སུ་བཅུག་པས་རྗེ་བཙུན་སྐུ་མཆེད་དྲུང་གིས་མཛད་པར་བསྒྲུབ་མི་ནུས་ཏེ། རྟགས་དེ་དག་ལ་ཁྱབ་པ་ཡེ་མི་འདུག་པའི་ཕྱིར་རོ། །འོན་ཀྱང་གཞུང་འདི་རྒྱུད་འགྲེལ་མཐའ་དག་གི་ལུང་གི་ལུགས་དང་བཅས་ནས་གཞལ་ཡས་ཁང་གི་གནས་ལུགས་སྤྲོས་པ་དང་བཅས་ཏེ་སྒྲོ་འདོགས་དཔྱོད་པ་རྣམ་བཤད་ཟླ་བའི་འོད་ཟེར་དུ་བཤད་པ་ལྟ་བུ་མི་སྣང་ཡང་། སྒྲུབ་པ་པོའི་བློ་ལ་བསྒོམ་བདེ་ཞིང་། གནད་མ་འཁྲུགས་པ་ཞིག་ནི་ཡིན་ནམ་སྙམ་མོ། །རྗེ་བཙུན་རྡོ་རྗེ་ཀུན་དགའ་བཟང་པོའི་དངོས་ཀྱི་སློབ་མ་དག་གི་གསུངས་ལས་ཀྱང་། རྗེ་བཙུན་ཆེན་པོ་དང་ས་པཎ་གྱི་སློབ་མ་ཞང་བྱ་རུ་བས་བྱས་པའི་གཞས་ཡས་ཁང་གི་རྣམ་དག་ཀྱང་ཡོད་དེ་ཞེས་གསུང་གིན་འདུག་པ་ཐོས་ཀྱི། ཡི་གེ་འདི་ཉིད་ཞང་ཕྱ་རུ་བས་བྱས་པ་ཡིན་ནོ་ཞེས་གསུངས་པ་ནི་གཏན་མ་ཐོས་སོ། །ཞང་བྱ་རུ་བ་ཁྲིད་ཀྱི་སྔོན་འགྲོ་མི་བྱེད་པ་ལ་ཚད་མར་བྱེད་ལ། སྐབས་འདི་ལ་ཚད་མར་བྱར་མི་རུང་བའི་དོན་མཐུན་གྱི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ་ཞེས་བྲིས་འདུག་པ་འདི་ནི་ཞང་བྱ་རུ་བས་ཁྲིད་ཀྱི་སྔོན་འགྲོ་མི་བྱེད་པའི་རྒྱུ་མཚན་གསལ་པོ་ཞིག་ཁྱེད་ཀྱིས་གསུངས་ཤིག དེ་ནས་དེའི་ལན་ལྡོན་པར་འགྱུར་རོ།། །།ཡང་གསུམ་པ་དེ་ཁོ་ན་ཉིད་གསུམ་མན་ངག་དང་། དབང་པོ་རབ་འབྲིང་གསུམ་གྱི་དཀྲི་བའི་གཞུང་ཤིང་རྗེ་བཙུན་གྱི་བཀར་བསྒྲུབ་བོ་ཟེར་ནས། སྒྲུབ་བྱེད་ལྟར་སྣང་དུ་མ་འགོད་པ་ནི་ཤིན་ཏུ་མི་རིགས་ཏེ། ད་ལྟ་རྗེ་བཙུན་གྱིས་མཛད་པར་