R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༤བ
[A:༡༣༤བ]གྲགས་པའི་དེ་ཁོ་ན་ཉིད་གསུམ་གྱི་མན་ངག་ཏུ་གྲགས་པ་འདི་རྗེ་བཙུན་གྱི་དངོས་སློབ་དཔྱིལ་བསྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱིས་རྗེ་བཙུན་གྱི་གསུང་བགྲོས་སྐྱོར་བ་ལ་རྗེ་བཙུན་ཆེན་པོའི་ཞལ་ནས། རྡོ་རྗེ་དང་དྲིལ་བུ་དེ་ཁོ་ན་ཉིད་སྟོན་པའི་ཡི་གེ་ཞིག་བྱེད་འདོད་པ་ཡིན་པ་ལ་མ་གྲུབ་ཅེས་གསུངས་པར་དངོས་སུ་བཤད་འདུག་པས་རྗེ་བཙུན་གྱི་དངོས་སློབ་འདི་ཉིད་རྗེ་བཙུན་གྱི་གསུང་རབ་ལ་རྒྱུས་ཆེ་བར་བྱེད་དགོས་སོ། །དེས་ན་བརྒྱུད་པ་འདི་པ་རྣམས་ནི་སམྦུ་ཊིའི་ཊཱིཀ་ཆེན་གྱི་སྐབས་སུ་དེ་གཞིར་བྱས་ནས། རྗེ་བཙུན་དང་ས་པཎ་གཉིས་ཀའི་དངོས་སློབ་ཤར་པ་ཤེས་རབ་འབྱུང་གནས་ཀྱི་མཛད་པའི་རྡོ་རྗེ་དྲིལ་བུའི་དེ་ཁོ་ན་ཉིད་ཞིབ་ཏུ་བཤད་པ་དེ་གཙོ་ཆེ་བར་མཛད་དོ། །ཡང་དབང་པོ་རབ་འབྲིང་གསུམ་གྱི་དཀྲི་བའི་གཞུང་ཤིང་བཀར་བསྒྲུབ་བོ་ཟེར་ནས། ད་ལྟ་འགའ་ཞིག་གི་ཚད་མར་བྱེད་པའི་ཡི་གེ་འདི་རྗེ་བཙུན་གྱིས་མཛད་པའི་བསྒྲུབ་བྱེད་ལྟར་སྣང་དུ་མ་ཞིག་འགོད་པ་ལ་ནི་བླ་མ་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོས་དཔྱད་པ་ཅུང་ཟད་ཙམ་མཛད་པའི་ཡི་གེའི་འདི་ལ་ཞིབ་ཏུ་གཟིགས་ལ་ལན་ཡོད་ན་དྲངས་པོར་གསུངས་ཤིག དེ་ཡང་འདི་ལྟར་གསུངས་ཏེ། གང་ཟག་གི་བྱེ་བྲག་གསུམ་དུ་དཀྲི་བའི་གཞུང་ཤིང་ཞེས་པ་འདི་གླེགས་བམ་ཕལ་མོ་ཆེར་མ་ཚང་ལ། ཁ་ཅིག་ཏུ། གང་ཟག་རིགས་ཀྱི་དབྱེ་བས་ལམ་གྱི་ཁྲིད། །བརྗོད་པས་དྲན་པ་གསོ་ཕྱིར་ཐོ་ཙམ་བྲི། །ཞེས་པ་ཚིག་ཡོད་པའི་དཔེ་ཆུང་མང་བ་གཅིག་ཡོད་པ་དང་། གླེགས་བམ་ཁ་ཅིག་ཏུ་ཤོག་གཅིག་མ་ཆུང་ངུ་བྲིས་པ་སྟེ། མི་འདྲ་བ་གཉིས་སྣང་བ་ལས། དང་པོ་དཔེ་ཆུང་མང་བ་འདི་ནི་རྗེས་འབྲང་ཁ་ཅིག་གིས་བྱས་པ་ཡིན་གྱི། རྗེ་བཙུན་ཡབ་