R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༥བ
[A:༡༣༥བ]ན་ནི་མཆོག་གི་དངོས་གྲུབ་སྒྲུབ་པའི་གང་ཟག་དེ་བས་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་གང་ཟག་དེ་ཁྱད་པར་འཕགས་པར་འགྱུར་རོ། །ཡང་ཤེས་རབ་ཀྱི་ཕྱོགས་སུ་ལྷུང་བའི་བརྩོན་པ་རབ་ཀྱིས་མན་ངག་གི་གནད་བཅུ་གཅིག་གིས་འགྲོ་བ་ལ་བཤད་ལ། ༈ གོང་མདོར་བསྟན་ཀྱི་སྐབས་སུ་རབ་རླུང་། ༈ གསུམ་མོ་ཞེས་བཤད་པ་དང་ནང་འགལ་ལོ། །ཡང་དེར་གང་ཟག་གིས་གསུངས་པའོ་ཞེས་དང་། ཟུང་འཇུག་གི ༈ གསུངས་ཞེས་ཟུང་འཇུག་ལ་རབ་འབྲིང་གསུམ་དུ་དབྱེ་མོད་ཀྱང་། ཟུང་འཇུག་གི་རྣལ་འབྱོར་པའི་ལམ་དཀྲི་ལུགས་གཅིག་ཡོད་པར་བཤད་པ་ལ། འོག་རྒྱས་བཤད་དུ་དེའི་བཤད་པ་གཏན་མི་སྣང་ངོ་། ཞེས་ཐོ་ཡིག་ཆུང་ངུ་འདིར་དཔྱད་པ་མཛད་པར་སྣང་བ་འདིས་དོན་ལ་ལེགས་པར་སོམས་ཤིག ཡང་ཁྱེད་ཀྱིས་ངེད་ཀྱི་ཕྱོགས་ལ་རང་དགར་བྲིས་པ་ཡིན་ནོ་ཞེས་ཟེར་བའི་ཡིག་ཕྲེང་ཕྱེད་གསུམ་ཙམ་བྱས་པའི་ཚིག་རྣམས་ནི་ངེད་རང་གི་ལུགས་ཀྱི་གླེགས་བམ་རྣམས་ཀྱི་ནང་དུ་བྲིས་པ་མེད་ཅིང་། དེ་ལས་ཅུང་ཟད་ཙམ་གྱི་མང་བའི་ཤོག་གཅིག་མ་གཅིག་ཡོད་པ་ལ་ནི་ཐེག་པ་ཐུན་མོང་བ་ལ་བསླབ་པ་དང་། འཁོར་འདས་དབྱེར་མེད་ལ་བསླབ་པ་དང་། གང་ཟག་རིགས་སོ་སོའི་འཇུག་པ་ཅེས་གསུམ་དུ་ཕྱེ་ནས། ཐེག་པ་ཐུན་མོང་བ་ལ་ཉན་ཐོས་དང་ཐུན་མོང་བ། ཐེག་པ་ཆེན་པོ་དང་ཐུན་མོང་བ་གཉིས་ལས། དང་པོ་ལ་འཁོར་བའི་ཉེས་དམིགས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ་གསུམ། གཉིས་པ་ལ་བྱམས་པ། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གསུམ། འཁོར་འདས་དབྱེར་མེད་ལ་ཆོས་ཐམས་ཅད་སེམས། སེམས་སྒྱུ་མར་བསྒྲུབ། དེ་སྤྲོས་