R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦ན
[A:༡༣༦ན]བྲལ་དུ་ཐག་བཅད། དེ་ལ་དབུ་མ་དང་མཐུན་པར་དཔེ་བརྒྱད་དམ་བཅུ་གཉིས་ཀྱི་དཀྲི། ཞེས་འདི་ཡན་གྱི་ཕ་རོལ་དུ་ཕྱིན་པའི་ལམ་གྱི་དཀྲི་ཚུལ་ཐམས་ཅད་ཐབས་ཤེས་རབ་ཀྱི་དཀྲི་ཚུལ་རྫོགས་པར་བསྟན་ནས། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལྟར་རྣལ་འབྱོར་ཆེན་པོ་ལ་གང་ཟག་རིགས་གསུམ་སོ་སོའི་འཇུག་པས་དཀྲི་ན། ཐབས་ཀྱི་ཕྱོགས་དང་། ཤེས་རབ་ཀྱི་ཕྱོགས་དང་། བྱང་ཆུབ་ཀྱི་ཟུང་འཇུག་གི་རྣལ་འབྱོར་པ་གསུམ་མོ། །དང་པོ་ལ་རིགས་གསུམ། ཐ་མ་ཚོགས་ཙམ་བསོག་པ། འབྲིང་ལས་ཚོགས་བསྒྲུབ་པ། རབ་བསྐྱེད་རིམ་བསྒོམ་པའོ། །གཉིས་པ་ཤེས་རབ་ཀྱི་ཕྱོགས་ལ་གསུམ། ཐ་མ་ལྟ་བ་ཙམ་ལ་བློ་གནས་པ། འབྲིང་བསྐྱེད་རིམ་ལ་སེམས་འཛིན་པར་འདོད་པ། རབ་རླུང་གི་རྣལ་འབྱོར་བསྒོམ་པའོ། །གསུམ་པ་ཟུང་འཇུག་གི་རྣལ་འབྱོར་ལ་གསུམ། དང་པོ་བཟླས་བརྗོད་སྦྱིན་སྲེག་གིས་རྒྱུད་སྦྱངས། འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག རབ་མན་ངག་གི་གནད་བཅུ་གཅིག་གི་ལམ་ཁྲིད། དེ་ལ་ཐ་མ་བཟླས་བརྗོད་སྦྱིན་སྲེག་གིས་རྒྱུད་སྦྱང་བ་ནི་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་སྦྱིན་སྲེག་བྱེད། འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། རྒྱུ་དུས་ཀྱི་ལྟ་བའི་དཔེ་སུམ་ཅུ་སོ་བདུན་གྱི་ཁྲིད་བྱེད། རབ་མན་ངག་གི་གནད་བཅུ་གཅིག་ནི། སྦྱང་བ་ཁྱད་པར་ཅན་ནས་བརྩམས་ཏེ་སེམས་ཀྱི་རྦ་རླབས་ཕན་ཆད་འཇིག་རྟེན་པའི་ལམ་ལ་གནད་དགུ། འདས་པའི་ལམ་ལ་གནད་བཅུ་གཅིག་གི་དཀྲི་བའོ། །གང་ཟག་དབང་པོ་རབ་འབྲིང་གསུམ་དུ་དཀྲི་བའི་གཞུང་ཤིང་འདི་སློབ་མ་རྣམས་ཀྱི་གསོལ་བ་བཏབ་པའི་ངོར་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའོ།