R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༦བ
[A:༡༣༦བ]།ཞེས་བྲིས་པ་འདི་མངའ་རིས་གུང་ཐང་གི་སྒོ་མང་ཆེན་པོའི་ཕྱག་དཔེ་རྙིང་པ་ཞིག་ལ་བྲིས་པ་ཡང་མཐོང་ཞིང་། འདི་ལ་ཐེག་པ་ཐུན་མོང་བའི་དཀྲི་ལུགས་ལ་གཉིས་སུ་བྱས་པའི་ཉན་ཐོས་དང་ཐུན་མོང་བ་ལ་ཡང་གང་ཟག་གསུམ་གྱི་རིམ་པས་འཁོར་བའི་ཉེས་དམིགས་ཙམ་བསྟན་ཏེ་འཁོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་སྤོང་འདོད་ཀྱི་བློ་ཙམ་བསྐྱེད་པ་དང་། འཁོར་བ་སྤོང་བ་ལ་ཆོས་བསྒྲུབ་པའི་རྟེན་དལ་འབྱོར་བརྙེད་པར་དཀའ་བར་ཤེས་ནས་བརྟེན་ཏེ། དེ་ལ་ཆོས་བྱེད་འདོད་ཀྱི་བློ་བཅོས་མ་མ་ཡིན་པར་བསྐྱེད་པ་དང་། འཆི་བ་མི་རྟག་པ་བསྒོམ་པས་མྱུར་དུ་བརྩོན་འགྲུས་བསྐྱེད་དེ་འདུས་བྱས་མི་རྟག་པའི་གནས་ཚུལ་བསྒོམ་པ་སྟེ། འདི་གསུམ་ཡང་གང་ཟག་ཐ་མའི་ཁྲིད་ཚུལ་དང་པོའོ། །གཉིས་པས་གཉིས་པ། གསུམ་པས་གསུམ་པ་སྟེ། གསུམ་པོ་རེ་རེ་ཡང་ཁྲིད་ཚུལ་རེ་རེ་ཡིན་ལ། དེ་ཡང་དང་པོ་གཉིས་ནི་ཐབས་ཀྱི་ཕྱོགས་ཀྱི་ཉམས་ལེན་ཡིན་ལ། གསུམ་པ་ནི་ཉན་ཐོས་ལུགས་ཀྱི་ཤེས་རབ་ཀྱི་ཕྱོགས་ཏེ་བསྒོམ་པ་དེ་མཐར་ཕྱིན་པས་འདུས་བྱས་མི་རྟག་པ་དང་། མྱ་ངན་ལས་འདས་པ་ཞི་བར་རྟོགས་པའི་ཕྱིར་རོ། ཇི་སྐད་དུ། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིགས་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་པས་ཏེ། །དེ་བས་ཉེ་བར་ཞི་བ་བདེ། །ཞེས་བཤད་པ་ལྟར་རོ། །འདི་ལམ་འབྲས་དང་འབྲེལ་པ་ཅན་དུ་བསྒོམ་པས་ཡས་བཅལ་ན་ཟུང་འཇུག་གི་རྣལ་འབྱོར་པའོ། །ཡང་ཐེག་པ་ཆེན་པོ་ཐུན་མོང་བ་ལ་བྱམས་པ་ཙམ་བསྒོམ་པས་གཞན་བདེ་བ་ཙམ་འདོད་པའི་བློ་སྐྱེ། སྙིང་རྗེ་བསྒོམ་པས་སྡུག་བསྔལ་དང་བྲལ་བ། བྱང་སེམས་བསྒོམ་པ་ལ་