R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༧ན
[A:༡༣༧ན] ཀུན་རྫོབ་བྱང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་སྤོང་ཞིང་བདེ་བ་དང་ལྡན་པའི་གནས་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློ་བཅོས་མིན་སྐྱེ་ཞིང་། འདི་ལ་ཡང་གང་ཟག་གསུམ་གྱི་ཁྲིད་ཚུལ་གསུམ་སྟེ། གསུམ་ཀ་ཡང་ཐབས་ཀྱི་ཕྱོགས་ཀྱི་ཁྲིད་ཚུལ་གཙོ་ཆེའོ། །གཉིས་པ་འཁོར་འདས་དབྱེར་མེད་ལ་བསླབ་པ་ལ་ཡང་། ཆོས་ཐམས་ཅད་སེམས་སུ་བསྒྲུབ་པས་རྣལ་འབྱོར་སྤྱོད་པའི་དབུ་མ་ཙམ། དེ་སྒྱུ་མར་བསྒྲུབ་པས་སྒྱུ་མ་ལྟ་བུའི་དབུ་མ་པ། དེ་སྤྲོས་བྲལ་དུ་ཐག་བཅད་པས་རབ་ཏུ་མི་གནས་པའི་དབུ་མ་པའི་ལྟ་བའི་ཁྲིད་ཚུལ་སྟེ། དེ་ལ་དབུ་མ་དང་མཐུན་པར་དཔེ་བརྒྱད་དམ་བཅུ་གཉིས་ཀྱིས་དཀྲི་སྟེ་གསུམ་པོ་རེ་རེ་ཡང་ལྟ་བའི་ཁྲིད་ཚུལ་རེ་རེ་ཡིན་ནོ། །འདི་ཡན་ཐེག་པ་ཐུན་མོང་བའི་ཁྲིད་ཚུལ་གཉིས་སུ་བྱས་པའི་གཉིས་པོ་རེ་རེ་ལ་ཡང་ལམ་ཡོངས་རྫོགས་ཀྱི་ཁྲིད་ཚུལ་རེ་རེ་ཚང་བར་ཡོད་དོ། །འདིར་འཁོར་འདས་དབྱེར་མེད་ཀྱི་ཁྲིད་ཚུལ་ནི་དབང་གི་ཡེ་ཤེས་དང་སྦྱར་ནས་སྟོན་པ་མ་ཡིན་གྱི། དབུ་མ་དང་མཐུན་པར་ཐོས་བསམ་གྱི་སྒྲོ་འདོགས་དཔྱོད་པའི་ལྟ་བའི་དཀྲི་ཚུལ་ལོ། །གསུམ་པ་ཐུན་མོང་མ་ཡིན་པ་རྣལ་འབྱོར་ཆེན་པོ་ལ་གང་ཟག་རིགས་གསུམ་སོ་སོའི་འཇུག་པ་དཀྲི་ན། ཐབས་ཀྱི་ཕྱོགས་དང་། ཤེས་རབ་ཀྱི་ཕྱོགས་དང་། ཟུང་འཇུག་གི་རྣལ་འབྱོར་པ་གསུམ་མོ། །དང་པོ་ལ་ཡང་ཐ་མ་ཚོགས་ཙམ་བསོག་པ། འབྲིང་ལས་ཚོགས་བསྒྲུབ་པ། རབ་བསྐྱེད་རིམ་བསྒོམ་པའོ། །གཉིས་པ་ཤེས་རབ་ཀྱི་ཕྱོགས་ལ་གསུམ། ཐ་མ་ལྟ་བ་ཙམ་ལ་བློ་གནས་པ། འབྲིང་བསྐྱེད་རིམ་ལ་སེམས་འཛིན་པར་འདོད་པ། རབ་རླུང་གི་རྣལ་འབྱོར་བསྒོམ་པའོ། །གསུམ་པ་