R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༧བ
[A:༡༣༧བ]ཟུང་འཇུག་གི་རྣལ་འབྱོར་པ་ལ་གསུམ། དང་པོ་བཟླས་བརྗོད་དང་སྦྱིན་སྲེག་གི་རྒྱུད་སྦྱངས། འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག རབ་མན་ངག་གི་གནད་བཅུ་གཅིག་གི་ལམ་ཁྲིད། དེ་ལ་ཐ་མ་བཟླས་བརྗོད་སྦྱིན་སྲེག་གི་རྒྱུད་སྦྱང་བ་ནི་བསྙེན་པ་ཇི་ཙམ་སོང་བའི་བཅུ་ཆའི་སྦྱིན་སྲེག་བྱེད། འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། རྒྱུ་དུས་ཀྱི་ལྟ་བའི་དཔེ་སུམ་ཅུ་སོ་བདུན་གྱི་ཁྲིད་བྱེད། རབ་མན་ངག་གི་གནད་བཅུ་གཅིག་ནི། སྦྱང་བ་ཁྱད་པར་ཅན་ནས་བརྩམས་ཏེ་སེམས་ཀྱི་རྦ་རླབས་ཡན་ཆད་འཇིག་རྟེན་པའི་ལམ་ལ་གནད་དགུ། འདས་པའི་ལམ་ལ་གནད་བཅུ་གཅིག་གི་དཀྲིའོ་ཞེས་གསུངས་པས། ཐུན་མོང་མ་ཡིན་པའི་རྣལ་འབྱོར་ཆེན་པོའི་ལམ་གྱི་དཀྲི་ཚུལ་ལ། གང་ཟག་གསུམ་གྱི་དཀྲི་ཚུལ་དང་པོ་གཉིས་ལ་གསུམ་གསུམ་སྟེ་དྲུག་དང་། གསུམ་པ་ཟུང་འཇུག་གི་རྣལ་འབྱོར་པ་ལ་ཁྲིད་ཚུལ་གསུམ་ཡོད་པའི། དང་པོ་ནི། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ཁྲིད་ཡིག་ལས། དེ་ཡང་བསྐྱེད་པའི་རིམ་པ་ལ་བརྟེན་ནས་བསྙེན་པ་བཞི་འབུམ་ལ་སོགས་པ་ཅི་འགྲུབ་བཟླ་ཞེས་པ་ནས། སྣང་བ་དཀྱིལ་འཁོར་དུ་གསལ་བར་འདོད་ན་གསལ་བར་གྱུར་བའི་བར་དུ་བསྐྱངས་སོ་ཞེས་པའི་བར་དེ་ཁྲིད་ཚུལ་གཅིག་གོ །ཡང་འབྲིང་དེ་ཁོ་ན་ཉིད་ལ་བློ་བཞག་པའི་ཁྲིད་ཚུལ་ནི། ཁ་ཅིག་སྣང་བ་གསུམ་གྱི་ཁྲིད་བོར་ཏེ་ལྟ་བ་ནས་སྐྱོང་བ་ཡང་ཡོད་དོ། །ཞེས་པ་ནས་ལྟ་བ་རང་བྱུང་གི་ཡེ་ཤེས་སྐྱེ་བར་འགྱུར་བས་རྒྱུ་ལ་ནན་ཏན་དུ་བྱའོ། །ཞེས་པའི་བར་གྱི་ཟུང་འཇུག་གི་རྣལ་འབྱོར་པའི་ཁྲིད་ཚུལ་གཉིས་པའོ། །གསུམ་པ་ནི། ཡང་གང་ཟག་གི་རིགས་ཁ་ཅིག་སྔར་བསྟན་པའི་ཁྲིད་ཐམས་ཅད་ལོ་གཅིག་ཙམ་གྱི་སྦྱངས་ནས། ཞེས་