R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨ན
[A:༡༣༨ན]པ་ནས། འདི་ནི་བརྩོན་འགྲུས་མཆོག་གི་འཇུག་པ་ཞེས་བྱ་བ་ཡིན་ནོ། །ཞེས་པའི་བར་དེ་ཟུང་འཇུག་གི་རྣལ་འབྱོར་པ་རབ་ཀྱི་ཁྲིད་ཚུལ་ལོ། །དེ་ལྟར་ན་གཞུང་ཇི་ལྟ་བ་བཞིན་དུ་དཀྲི་བའི་གཞུང་ཤིང་ཉིད་ཀྱི་ནང་དུ་ཟུང་འཇུག་གི་རྣལ་འབྱོར་པའི་ཁྲིད་ཚུལ་གསུམ་ཀ་བསྟན་ཅིང་། ཉན་ཐོས་དང་ཐུན་མོང་བ་དང་། ཐེག་པ་ཆེན་པོ་ཐུན་མོང་བའི་དཀྲི་ཚུལ་དྲུག་ནི་ཡིག་ཆུང་འདི་ཉིད་དུ་ཐོ་ཡིག་ཙམ་བསྟན་པ་ཡིན་ལ། གང་ཟག་མཆོག་གི་འཇུག་པ་མ་གཏོགས་པ་དཀྲི་ཚུལ་གྱི་ལམ་གཞན་རྣམས་ནི་ལམ་གྱི་ཕྱོགས་རེ་ཙམ་གྱི་དཀྲི་ལུགས་ཡིན་གྱི། ས་བཅུ་གཉིས་པའི་བར་གྱི་ལམ་ཡོངས་རྫོགས་ནི་གནད་བཅུ་གཅིག་གི་དཀྲི་ཚུལ་ལ་མ་ལྟོས་པར་གཞན་གྱིས་དཀྲི་བར་མི་ནུས་སོ། །ཞེས་པ་ནི་དགོངས་པ་མཐར་ཐུག་པའོ། །གླེགས་བམ་ཕལ་ཆེ་བར། འདི་ལ་ཡིག་ཆུང་ལོགས་སུ་མི་འབྱུང་བ་ཡང་གཞུང་ཤིང་དང་པོའི་མཇུག་ཏུ། གང་ཟག་གསུམ་གྱི་ཁྲིད་ཚུལ་གསུམ་ཀ་བསྟན་པ་འདི་ལ་ཡང་དགོངས་པ་ཡིན་ནམ་སྙམ་མོ། །གང་ལྟར་ཡང་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁྲིད་འདི་ནི་གང་ཟག་གི་བསམ་པ་ཤེས་པའི་རྡོ་རྗེ་སློབ་དཔོན་ཞིག་གི་སློབ་མ་སོ་སོ་ལ་ཁྲིད་ཚུལ་གང་གི་སྒོ་ནས་ཀྱང་ལམ་གྱི་ཕྱོགས་རེ་ལ་དཀྲི་བ་དང་། ཡོངས་རྫོགས་ལ་ཁྲིད་བྱས་པས་ཆོག་གོ་ཞེས་སྟོན་པའོ། །ཡང་ས་པཎ་གྱིས་མཛད་པའི་ཁྲིད་ཀྱི་དཀར་ཆག་གི་ཡི་གེ་ནི། རྗེ་ཨ་ནནྡའི་གསུང་རབ་གང་གི་ནང་ན་ཡང་ཐེ་ཚོམ་གྱི་དཔྱད་གཞི་མཛད་པ་ཅུང་ཟད་ཙམ་ཡང་མི་སྣང་ཞིང་། ཟིན་བྲིས་འགའ་ཞིག་གི་ནང་དུ་གསུང་བགྲོས་ཡིན་ཟེར་ནས་དཔྱད་གཞི་བྱས་པ་ཡང་ཡོད་སྲིད་ཀྱང་། དེ་དག་ལ་བློ་གཏད་ཐུབ་པ་ཅི་