R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༨བ
[A:༡༣༨བ]ཡང་མེད་ཅིང་། སྒོ་རུམ་དཔེ་ཁང་ན་བཞུགས་པའི་ས་པཎ་གྱི་བཀའ་འབུམ་རྒྱ་ཤོག་ལ་བྲིས་པའི་གསེར་རྐྱང་མ་རྙིང་པ་གཅིག་ཡོད་པ་དང་། འཕགས་པ་རིན་པོ་ཆེའི་ཐུགས་དམ་བླ་བྲང་བཞི་ཐོག་ན་བཞུགས་པའི་གསེར་མ་ལ་ཡང་འདི་ཉིད་བཞུགས་ལ། གདུང་བརྒྱུད་རྩེ་གདོང་པ་རྣམས་ཀྱི་བཀའ་འབུམ་གསེར་དངུལ་མ་རྙིང་པ་ལ་ཡང་འདི་ཉིད་བཞུགས་ཤིང་། རྗེ་བཙུན་ཨ་ནནྡས་མཛད་པའི་གསན་ཡིག་ཐོས་པ་རྒྱ་མཚོ་ལས་ཀྱང་། ཁྲིད་ཀྱི་དཀར་ཆག་གི་བརྒྱུད་པ་ནི། ས་སྐྱ་པཎྜི་ཏ། ཤབ་པ་ལུང་ཕུ་བ། ཀྲས་ལུང་པ་
ནམ་མཁའ་བསོད་ནམས་
མཁས་བཙུན། གཞོན་ནུ་གྲུབ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། ཆོས་རྗེ་བླ་མ། དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། དེས་རྗེ་བཙུན་ཀུན་དགའ་བཟང་པོ་རྣམས་ལ་བརྒྱུད་པ་དངོས་སུ་ཡང་བཤད་དོ། དེས་ན་བདག་ནི་འགྲེལ་པ་མུ་ཏིག་གི་ཕྲེང་བར། རྒྱལ་བའི་གསུང་ལ་མ་གསུངས་དང་། །མ་གསུངས་པ་ལ་དེ་གསུངས་སྨྲ། །འགྲོ་མཆོག་མི་བསླུ་སངས་རྒྱས་ལ། །གཉིས་ཀའང་གཞོགས་འཆས་བྱེད་དང་མཚུངས། །ཞེས་བཤད་པའི་དོན་ཡིད་ལ་བྱེད་དོ། །འདིར་སྨྲས་པ། གསུང་རབ་རྒྱ་མཚོའི་འཇུག་ངོགས་ལ་ཞུགས་པའི། །སྔོན་གྱི་མཁས་རྣམས་བཞེད་པའི་ཚུལ་ཆེན་པོ། །རྫོགས་ལྡན་སྤྲིན་བཞིན་འདོད་དགུའི་འབྱུང་གནས་ལ། །ངན་རྟོག་རླུང་དམར་གཡོ་བ་ག་ལ་རིགས། །རྩོད་དུས་ཁེངས་ལྡན་ཆང་གིས་མྱོས་པ་ཡི། །གླང་ཆེན་འགྲམ་པར་ཆགས་པའི་རྔུལ་དག་གིས། །ནག་པོར་བྱས་པའི་ངན་རྟོག་རི་མོ་ལའང་། །ལེགས་བཤད་སྦྲང་རྩིའི་རོ་མཆོག་ག་ལ་ཡོད། །རྣམ་དག་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་དག་གིས།