R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩ན
[A:༡༣༩ན] །མཚན་དཔེའི་རི་མོ་ཅི་ཡང་རབ་གསལ་ཞིང་། །ཚངས་དབྱངས་སྒྲོག་པ་འཆི་མེད་རྔ་སྒྲའི་གསུང་། །ཟབ་ཡང་ཐུགས་ཀྱི་ཤེས་བྱ་ཀུན་མཁྱེན་འདི། །བླ་མའི་བླ་མ་ལས་ཀྱང་ཆེས་མཐོ་བའི། །ཡོན་ཏན་ཀུན་གྱི་བང་མཛོད་འཛིན་བྱེད་ཅིང་། །རྒྱལ་བའི་བསྟན་པ་ཡུན་རིང་འཛིན་བྱེད་ན། །འདི་ལ་ཀླན་ཀའི་ཚོགས་མང་ཅི་ཞིག་བྱ། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་འཛིན་བྱེད་ཅིང་། །ཉེས་མང་འདམ་བུའི་ཚལ་བརྒྱ་འཇོམས་བྱེད་པ། །བློ་ལྡན་སྤོས་ཀྱི་གླང་ཆེན་བགྲོད་པའི་ཤུལ། །གྲོང་པའི་མ་སྐྱེས་གཞོན་ནུས་ག་ལ་བསྙོགས། །གདོང་ལྔ་ལྡན་པའི་སྨྲ་བའི་སེང་གེ་ཡི། །ལྟ་ངན་རི་དྭགས་མཐའ་དག་སྐྲག་མཛད་ལ། །ལུང་རིགས་གད་རྒྱང་ས་གསུམ་འདར་བྱེད་པ། །འདི་ལ་ཝ་སྐྱེས་གཞོན་ནུས་བརྒལ་ཐབས་ཅི། །དེ་ལྟར་བླ་མ་དམ་པའི་ཡོན་ཏན་ལ། །གཞི་མེད་སྐུར་པ་འདེབས་པའི་ལོག་རྟོག་ཚོགས། །མུན་པར་གྱུར་རྣམས་བདག་གིས་བསལ་བྱས་པས། །འཆི་བ་མེད་པའི་ལམ་ཀུན་སྣང་བར་ཤོག །ཅེས་པའི་རབ་ཏུ་བྱེད་པ་ཅུང་ཟད་ཙམ་འདི་འགའ་ཞིག་གིས་རྗེ་བཙུན་གོང་མ་བཀར་བསྒྲུབ་ཀྱི་མིང་བཏགས་ནས་རྒྱལ་བ་གཉིས་པ་ཀུན་དགའ་བཟང་པོའི་གསུང་རབ་ལ་གཞི་མེད་ཀྱི་སྐུར་པ་འདེབས་པ་དུ་མ་བྱས་འདུག་པ་རྣམས་ལ། དུག་ལ་རྨ་བྱའི་ཕྱོགས་བཞིན་ཅུང་ཟད་ཙམ་གསལ་བར་བྱས་པ་འདིའང་། དགེ་སློང་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོས་ཤེལ་དཀར་གཙུག་རྒྱན་ཞེས་བྱ་བའི་རི་བོའི་རྩེ་མོར་བྲིས་ཏེ། ཕྱོགས་སུ་དྲི་བཞོན་ལ་སྤྲིངས་པའོ། །གཞན་འཕགས་པ་བཀར་བསྒྲུབ་པ་ལ་སོགས་པ་མང་དུ་ཡོད་པར་གྲགས་