R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༣༩བ
[A:༡༣༩བ] ཀྱང་རྣམ་དཔྱོད་ཀྱི་ནུས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་སོ་སོ་རྣམས་ཀྱི་སྐབས་སུ་བབས་པའི་ལན་མཛད་པ་རྣམས་ལས་ཤེས་པར་འགྱུར་བས་འདིར་འདི་ཙམ་ལས་མ་བྲིས་སོ། །ཞེས་པ་དེ་རྣམས་ཀྱི་ཞར་ལས་འོང་བའི་ལེགས་བཤད་ཀྱི་ཆ་འགའ་ཞིག་བཤད་པ་བསྟན་ཟིན་ནས།། ༈ །།ད་ནི་འཕྲོས་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གོང་དུ་བཤད་པའི་དོགས་དཔྱོད་དེ་རྣམས་གཙོ་བོར་གྱུར་པ་ལ་ཉེ་བར་མཁོ་བའི་དྲིས་ལན། གོང་དུ་བཤད་མ་ཐག་པའི་རྩོད་སྤོང་གི་ཡི་གེ་མ་རིག་མུན་སེལ་ཞེས་བྱ་བ་དེ་ཉིད་མཛད་པའི་གོང་རོལ་ཙམ་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ཉིད་ཀྱིས་རབ་འབྱམས་པ་བློ་གྲོས་རབ་གསལ་ལ་དྲི་ལན་དུ་གནང་བའི་གསུང་རབ་ངོ་མཚར་ཅན་ལས་འདི་ལྟར་འབྱུང་སྟེ། ༈ །ན་མོ་གུ་རུ། འཇམ་དབྱངས་བླ་མ་བརྒྱུད་པ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པ་ཉི་མའི་འོད་ཟེར་གྱིས། །ཤེས་བྱའི་གནས་ཀུན་གསལ་བར་རབ་སྟོན་ལ། །ཕྱི་ནང་རྟེན་འབྲེལ་མ་ལུས་ཐུགས་ཆུད་པའི། །བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱེས་བུ་དམ་པ་རྣམས་ཀྱི་མཛད་པ་དང་། །མཐུན་པར་ཆོས་ཀྱི་གནད་རྣམས་དྲིས་པའི་ལན། །རང་གི་བློ་ཡིས་ཇི་ལྟར་རྟོགས་པ་ཙམ། །ཉུང་ཞིང་གོ་སླའི་ངག་གིས་ཅུང་ཟད་འབུལ། །བཤེས་གཉེན་དམ་པ་ཁྱེད་ཀྱི་དྲིས་པའི་ལན་དང་པོ་ནི། བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པ་ཐུབ་པ་དགོངས་གསལ་དང་། ལྗོན་ཤིང་སོགས་ལས་གསུངས་པ་ནི། གཏན་ནས་ཡོད་པ་མ་ཡིན་ཏེ། ཐུབ་པ་དགོངས་གསལ་ལས། ངོ་བོ་གཅིག་ཡིན་ན་དོན་དམ་པ་ལ་ངོ་བོ་གྲུབ་པར་ཐལ་བ་