R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠ན
[A:༡༤༠ན]དང་། གཅིག་པ་བཀག་པ་ཡིན་ན་དོན་དམ་དངོས་མེད་དུ་ཐལ་བའི་སྐྱོན་ཡོད་དོ་ཞེས་གསུངས་པ་ནི། ངོ་བོ་གྲུབ་པར་འདོད་པ་དང་། དོན་དམ་དངོས་མེད་དུ་འདོད་ན་སྐྱོན་དེ་ཡོད་མོད་ཀྱི། འབུམ་ལས། མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །ཞེས་གསུངས་པ་དང་། ཤ་རིའི་བུ་སེམས་མེད་པ་ལ་ཡོད་པའམ། མེད་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་དང་། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། ཞེས་གསུངས་པ་དང་། རྣམ་འགྲེས་ལས། དངོས་མེད་ངོ་བོ་ཡོད་མིན་པས། །ངོ་བོ་མེད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་རྩོད་བརྗོད་པར་བྱེད་པ་གྲུབ། །ཞེས་གསུངས་པ་འདི་གཞན་སེལ་གྱི་སྒོ་ནས་ལེགས་པར་འཆད་ཤེས་ན་སྐྱོན་མེད་མོད། མ་ཤེས་ན་སྔར་གྱི་སྐྱོན་དེ་དག་སྤང་བར་མི་ནུས་སོ། །དེས་ན་རང་གི་ལུགས་ལ། དོན་དམ་པ་དང་། ཐ་སྙད་པའི་རྣམ་གཞག་གཉིས་ལས། དང་པོ་ནི། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ཏེ། མདོ་དགོངས་པ་ངེས་འགྲེལ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐ་སྙད་པའི་རྣམ་གཞག་ནི། གཞན་སེལ་གྱི་ངོར། ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཅེས་བྱ་པའམ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་བ་གསུངས་པ་དེ་ཁོ་ན་ཁས་བླངས་སོ། །ཞེས་གསུངས་ཤིང་། ལྗོན་ཤིང་ལས། གཅིག་པའི་ཕྱོགས་ཐ་དད་གཏན་མེད་ལའང་བཞི། ཀུན་རྫོབ་བཞིན་དོན་དམ་སྒྲིབ་