R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༠བ
[A:༡༤༠བ]པའི་དམིགས་པར་ཐལ་བ་དང་། ཀུན་རྫོབ་ལྟར་དོན་དམ་མཐོང་ཐོས་ལས་བཙལ་དུ་ཡོད་པར་ཐལ་བ་དང་། ཀུན་རྫོབ་མཐོང་བ་ན་དོན་དམ་མཐོང་བར་ཐལ་བ་དང་། དོན་དམ་ལྟར་ཀུན་རྫོབ་ལ་དབྱེ་བ་མེད་པར་ཐལ་བའོ། །འོག་མ་གཉིས་འདིར་མི་འཇུག་སྟེ། དེ་ཡང་རྒྱུད་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས་ཏེ། ཡུལ་གཅིག་ཉིད་ལ་བློའི་འཇུག་པ་ཐ་དད་དོ། །དེའི་དཔེ་དབུ་མ་འཇུག་པ་ལས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་རྟོགས་པ། །དེ་ཉིད་བདག་ཉིད་གང་གི་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་སོ། །ཞེས་གསུངས་པ་འདི་ཙམ་ཞིག་ཡོད་ལ། དེའི་དོན་ནི། ཡུལ་གཅིག་གི་ཐོག་ཏུ་སྣང་བའི་ཆ་ནས་ཀུན་རྫོབ་དང་། དེ་ཉིད་རང་བཞིན་མེད་པར་ཤེས་པའི་ཆ་ནས་དོན་དམ་ཞེས་ཐ་སྙད་འདོགས་ཀྱི། ཀུན་རྫོབ་སྣང་བའི་ཆ་དེ་ལས་རང་བཞིན་མེད་པ་ལོགས་སུ་དབྱེར་མེད་པས། དེ་ཙམ་ལ་ངོ་བོ་དབྱེར་མེད་ཅེས་བྱ་ཞིང་། དེ་ཙམ་ལ་གཅིག་པའི་ཐ་སྙད་བཏགས་པ་ནི་འགལ་བ་ཡང་མེད་དེ། གཅིག་གི་ཆོས་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་ཆོས་ཉིད་ཡིན། །ཞེས་དང་། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཅེས་སོགས་དང་། རྒྱུད་ལས། གཅིག་ནི་ལྷན་ཅིག་མེད་པའོ། །ཞེས་དང་། གཅིག་པུ་གཉིས་སུ་མེད་པ་དེ། །མཐའ་མེད་རྣམ་པས་ཡང་དག་གནས། །ཞེས་པའི་ཚིག་སྦྱོར་བཤད་པ་ལྟ་བུའོ། །ཆ་དགེ་སོགས་བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་ཡིན་གསུངས་ནས། དེ་ལ་མཁས་མཆོག་སྨྲ་སེང་གིས་སྐྱོན་བརྗོད་མཛད་པ་ལ། དགེ་ལྡན་པའི་