R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༡ན
[A:༡༤༡ན]ལུགས་དེ་ལ་ནི། དོན་གྱི་ཐོག་ནས་དགག་པ་ལེགས་པར་སོང་བ་ཡིན། སློབ་དཔོན་ཆ་པ་ཆེན་པོ་དེ་ལྟར་བཞེད་པའི་ངེས་པ་མེད་དམ་སྙམ་པ། གཅིག་དང་པོ་རྒྱལ་སྲས་འཇུག་ངོགས་མཐོང་བའི་དུས་སུ་བྱུང་བ་ཡིན་ཏེ། ད་ལྟ་དཔེ་མ་བརྙེད་པས་གསལ་བར་ཞུ་རྒྱུ་མ་མཆིས། སྤྱིར་ངོ་བོ་དང་རང་བཞིན་ལ་སོགས་པ་ཆོས་དེ་དང་དེའི་རང་ལྡོག་ཙམ་ལ་བཤད་པ་ཤིན་ཏུ་མང་པོ་ཞིག་འབྱུང་བས། དངོས་པོ་དང་ཡོད་པའི་སྒྲ་འཇུག་ཚུལ་ལྟར་སྐབས་ཐོབ་ཀྱིས་གང་ལ་གང་འཇུག་ཤེས་པ་གལ་ཆེ་སྟེ། དཔེར་ན། གང་ཕྱིར་དངོས་ཀུན་རང་བཞིན་གྱི། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱི་དངོས་དག་ལས། །ལྡོག་པ་ལ་ནི་རྟེན་པ་ཅན། །ཞེས་དང་། དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་པའི་དངོས་པོ་དང་། རང་བཞིན་རྣམས་ཤེས་བྱ་མཐའ་དག་ལ་བཤད་དགོས་པ་བཞིན་ནོ། །བདེན་གཉིས་ཀྱི་གནས་ལུགས་འདི་དག་རྒྱལ་སྲས་ལམ་བཟང་དང་། རིན་པོ་ཆེའི་ལྗོན་ཤིང་ལ་ད་དུང་ཞིབ་ཏུ་གཟིགས་ནས་ཀུན་ཆུབ་པར་ཞིག་མཛད་པ་ཤིན་ཏུ་གལ་ཆེ་ལགས། དྲི་བ་གཉིས་པ་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ལ་སོགས་པ་རིགས་འཆོལ་མ་ཡིན་པར་གཞུང་དོན་རབ་གསལ་སོགས་ལས་གསལ་བར་གསུངས་གདའ་ལགས་པས། དེ་ལྟར་ན་འདི་ལ་འདིའི་རྒྱས་བཏབ་ན་རིགས་འཆོལ་དུ་འགྱུར་ཞེས་པའི་གསལ་ཁ་ཅིག་ཅེས་གསུངས་བའི་ལན་ནི། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱ་ལ་སོགས་པ་ནི་རྒྱས་བཏབ་མ་འཆོལ་བ་ཡིན་ལ། དེ་དག་ལས་བཟློག་ནས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱས་འདེབས་པའི་སྐབས་སུ། རྒྱུ་ལ་འབྲས་བུའི་རྒྱས་འདེབས་ལྟ་བུ་བྱས་པ་