R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤བ
[A:༡༤བ]དག་དང་ཤིན་ཏུ་འགྲིག་ཅིང་། རྗེ་ས་པཎ་གྱིས་མཛད་པར་གྲགས་པའི་དཀར་ཆག་ཅིག་ཤོས་དེ་ནི་ལུང་ཕུ་བ་ཀུན་རྒྱལ་གྱིས་མཛད་པ་ཡིན་ཞེས་གསུང་བགྲོས་རྣམས་ལས་འབྱུང་ལ། རྒྱུད་ཡིག་འགའ་ཞིག་ལས། ཤོང་སྟོན་ཁུ་དབོན་གྱི་སློབ་མ་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་ཞེས་པ་ཞིག་འབྱུང་གིན་སྣང་བ་དེ་དང་གཅིག་པ་འདྲ་ཞིང་། དཀར་ཆག་དེ་ལས། སྣང་བ་གསུམ་ལམ་གྱི་གཞི་བཅའ་ལ་སྦྱར་བའི་ཚེ་དེའི་སྔོན་དུ་དབང་བསྐུར་འགྲོ་དགོས་པའི་གསལ་ཁ་ཅི་ཡང་མི་སྣང་མོད། སྤྱིར་དཀར་ཆག་འདི་ལ་ཚིག་རིགས་དང་མཛད་བྱང་སོགས་འདྲ་མི་འདྲ་སྣ་ཚོགས་ཞིག་འདུག་པས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ནས་བླང་དགོས་པར་མཆིས་ལགས། གཉིས་པ་ནི། དེ་ལྟར་བཤད་མ་ཐག་པའི་ཁྲིད་ཚུལ་དེ་རྣམས་ཀྱི་གོ་རིམ་གྱི་ངེས་པ་དེ་ལྟར་འབྱུང་བའང་རྗེ་བཙུན་གོང་མ་ཉིད་ཀྱི་བཞེད་པ་ཡིན་ཏེ། རྗེ་ས་ཆེན་གྱི་དབང་བཞི་ངོ་སྤྲོས་ལས། མཚན་ཉིད་ལྡན་པའི་བླ་མ་ལ། །སྣོད་དང་ལྡན་པའི་སློབ་མ་ཡིས། །དབང་བཞི་རྫོགས་པར་ཐོབ་ནས་ནི། །རྒྱུ་དུས་ལྟ་བས་རབ་བརྒྱན་པའི། །བུམ་དབང་བསྐྱེད་རིམ་ཐོག་མར་བསྒོམ། །ཞེས་དང་། དེའི་རང་འགྲེལ་ལས། ཐོག་མར་བླ་མ་གཅིག་ལ་དབང་བཞི་རྫོགས་པར་ཐོབ་པ་གལ་ཆེ། དབང་དེ་ཡང་བརྡ་ཙམ་བྱིན་རླབས་ཙམ་མ་ཡིན་པར། གྲུབ་པའི་བླ་མ་བརྒྱུད་པའི་བཀའ་མ་ཆད་པ། ལྷད་མ་ཞུགས་པ་ཅིག་ལ་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་ཐོབ་དགོས། དེ་ནས་ཐོག་མར་ལྟ་བ་བསྒོམ་ལ། དེའི་ཡེ་ཤེས་ཅུང་ཟད་སྐྱེས་པ་ན། ཞེས་སོགས་དབང་རྗེས་དེ་མ་ཐག་པར་ལྟ་བ་འཁོར་འདས་དབྱེར་མེད་སྟོན་པར་