R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༣བ
[A:༡༤༣བ]པའི་གཞུང་གི་དོན་ཇི་ལྟར་ཡིན་ལགས། དེ་གསུམ་མིང་གི་རྣམ་གྲངས་ཡིན་ན། རྒྱུ་རྒྱུད་སྦྱང་གཞི་ཡིན་ཙ་ན་གཉིས་པོའང་སྦྱང་གཞིར་མི་འགྱུར་ལགས་སམ་ཞེས་པའི་ལན་ནི། བདེ་གཤེགས་སྙིང་པོ་དང་། ཀུན་གཞི་རྒྱུ་རྒྱུད་སོགས་ངོ་བོའི་སྒོ་ནས་མི་འདྲ་བའི་དབྱེ་བ་མེད་པས། དེ་ལ་དགོངས་ཏེ་རྗེ་བཙུན་ཆེན་པོས། རང་སེམས་གདོད་ནས་སྤྲོས་བྲལ་རྒྱུ་རྒྱུད་དང་། །དབང་གི་ཡེ་ཤེས་ལམ་གྱི་ལྟ་བ་དང་། །ཉམས་མྱོང་སངས་རྒྱས་ས་དང་ངོ་བོ་གཅིག །ཅེས་གསུངས་པ་དང་། མཁས་མཆོག་སྨྲ་སེང་གིས་གསུངས་པ་དེ་རྣམས་ཁྱད་པར་ཅི་ཡང་མེད་ཅིང་། རང་གི་སེམས་ཡོད་མེད་ཀྱི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གཅིག་ཉིད་མ་དག་པའི་དྲི་མས་སྒྲིབ་པའི་གནས་སྐབས་ལ་རྒྱུ་རྒྱུད་དང་། སེམས་སྤྲོས་བྲལ་དེའི་སྤྱིའི་མཚན་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཆ་ནས་བདེ་གཤེགས་སྙིང་པོ་དང་། ཆོས་སྐུའི་རྒྱུ་བྱེད་པས་རང་བཞིན་གནས་རིགས་སོགས་སུ་གནས་སྐབས་ལ་ལྟོས་ནས་ཐ་སྙད་སོ་སོར་བཏགས་ཀྱི། རང་གི་ངོ་བོ་ནས་སྦྱང་རྒྱུ་མེད་པས་སྦྱང་གཞིར་ཇི་ལྟར་འགྱུར་ཏེ། མི་འགྱུར་ལ། དེའི་རྒྱུ་མཚན་གྱིས། བདག་མེད་བསྟོད་འགྲེལ་ལས་ཀྱང་། རང་བཞིན་ལ་ལྟོས་ནས་གནས་གྱུར་མེད་པ་དང་། ཡོན་ཏན་ལ་ལྟོས་ནས་གནས་གྱུར་ཡོད་པ་སོགས་རྗེ་བཙུན་གོང་མ་རྣམས་ཀྱི་རྩ་བའི་གྲུབ་མཐའ་ཡིན་ལ། སྦྱང་གཞི་རྒྱུ་རྒྱུད་སྦྱོང་བྱེད་ཐབས་རྒྱུད། སྦྱང་འབྲས་སངས་རྒྱས་ཞེས་སོགས་དང་། རྒྱུའི་རྒྱུད་སྔོན་དུ་འགྲོ་བ་རྟེན་གྱི་གང་ཟག་ཞེས་པའི་ཚིག་ཙམ་ལ་བརྟེན་ནས། སྒྱུ་མ་མཁན་གྱི་གང་ཟག་གི་ཚིག་གིས་སྤྲུལ་པ་སྣ་ཚོགས་སུ་སྟོན་པ་ལ་ཐུགས་གཏད་པར་མི་མཛད་འཚལ་