R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤ན
[A:༡༤༤ན]ལོ། །མདོར་ན་རྒྱུ་རྒྱུད་ཀྱི་གནས་སྐབས་སྦྱང་གཞིར་འགྱུར་བ་མང་དུ་ཡོད་པས་རྒྱུ་རྒྱུད་སྦྱང་གཞི་ཞེས་དང་། རྒྱུ་རྒྱུད་ཀྱི་གནས་སྐབས་ལ་མ་དག་པའི་སྣང་བ་སྣ་ཚོགས་པ་ཡོད་པས་མ་དག་པའི་སྣང་བ་ལ་རྒྱུ་རྒྱུད་དུ་བཤད་པ་སོགས་མང་དུ་ཡོད་པ་རྣམས་ཀྱི་སྒྲ་ཇི་བཞིན་པ་ལ་ཞེན་པ་དང་། ཕུང་པོ་ལྔའི་ཆོས་ཉིད་སྦྱང་གཞིར་བཤད་པ་ཡང་། ཆོས་ཉིད་རང་ངོས་ནས་སྦྱང་གཞིར་མི་འགྱུར་ཡང་བློ་སྣང་གི་ཆོས་ཉིད་དེ་ཙམ་ལ་བསམ་ནས། ཕུང་པོ་ལྔའི་ཆོས་ཉིད་མི་དམིགས་ཏེ་ཞེས་སོགས་ཀྱི་ཚིག་སྦྱོར་གསུངས་པ་ཡིན་ལ། ཆོས་ཉིད་བདེན་གྲུབ་དུ་འདོད་པ་རྣམས་ལ་ནི་ཕུང་པོ་ལྔའི་ཆོས་ཉིད་མི་དམིགས་ཏེ་ཞེས་ཟེར་དུ་མི་རུང་བས། ཚིག་གི་སྦྱོར་ཚུར་སྔ་མ་དེ་ནོར་པ་ཡིན་པར་ཁས་ལེན་དགོས་སོ། །རྒྱས་པར་མཁས་མཆོག་སྨྲ་བའི་སེང་གེའི་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྣམ་བཤད་ལ་ཞིབ་ཏུ་གཟིགས་ཤིང་དཔྱོད་པར་ཞུ། དྲི་བ་དྲུག་པ་ལྗོན་ཤིང་ལས་རྡོ་རྗེ་སློབ་དཔོན་ལ་ལས་དང་པོ་པ་དང་། བརྟན་པ་ཐོབ་པ་དང་། བརྟན་པ་ཆེར་ཐོབ་པ་རྣམས། དྲོད་མ་སྐྱེས་པ་དང་། དྲོད་ཆུང་འབྲིང་ཐོབ་པ་དང་། དྲོད་ཆེན་པོ་ཐོབ་པ་དང་། རིམ་བཞིན་དུ་སྦྱར་བ་ལྟ་བུ་ཞིག་གསུངས་འདུག་པ་དང་། འཁྲུལ་སྤོང་དུ་རྒྱུད་རྒྱ་གཞུང་ནས་གསུངས་པའི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གསུངས་པ་རྣམས་ལས་དང་པོ་པའི་དབང་དུ་བྱས་པ་ཡིན་གསུངས་གདའ་ལགས་པ། མདོར་ན་གང་ཟག་གསུམ་པོ་དེའི་ངོས་འཛིན་གསལ་བ་གཅིག་ཅེས་གསུངས་པའི་ལན་ནི། ལྗོན་ཤིང་ལས། དབང་བསྐུར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་སྤྱི་ལྡོག་ནས། ལས་དང་པོ་པ་